གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་06ཉིན། 10:24】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ནགས་ཚལ་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་ཆུ་འགོ་ཁུལ་གྱི་འདམ་རའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་5ཙམ་ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་2018ལོའི་56.8%ནས་2023ལོའི་58.12%བར་མང་དུ་ཕྱིན་ནས། རྩྭ་ཐང་གི་སྐྱེ་ཁམས་མ་ལག་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད།
“ལོ་ལྔ་ཚན་བཅུ་བཞི་པ”ཚུན། མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་4.97བཏང་ནས་འདམ་ར་སྲུང་སྐྱོང་སླར་གསོའི་རྣམ་གྲངས་106ལག་ལེན་བསྟར་ཏེ། གཙང་གསུམ་ཆུ་འགོ་དང་མཚོ་སྔོན་པོའི་འདམ་རའི་རིགས་ཀྱི་རྒྱལ་ཁབ་སྤྱི་གླིང་གཉིས་འཛུགས་སྐྲུན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་ཡོད། ཡུལ་ཤུལ་གྱི་རོང་པོ་ཐང་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་གཞུང་ནང་བཅུག་པ་དང་། ཆུ་དམར་ལེབ་གཏེར་ཆུའི་ཆུ་འགོ་དང་། ཝུའུ་ལམ་དུར་ལམ་མཚོ། རྩེ་ཁོག་རྩེ་ཆུ་བཅས་གསུམ་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་གྱི་མིང་གཞུང་ནང་བཅུག་ཡོད། 《མཚོ་སྔོན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རྩྭ་ཐང་སྲུང་སྐྱོང་སླར་གསོའི་འཆར་འགོད》དང《མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཐང་རང་བྱུང་སྤྱི་གླིང་གི་འཕེལ་རྒྱས་འཆར་འགོད(2020ལོ་ནས་2035ལོ་བར)》སོགས་འཆར་འགོད་གལ་ཆེན་བཟོས་ནས་ལག་བསྟར་བྱས་པ་བརྒྱུད། རྩྭ་ཐང་སྲུང་སྐྱོང་གི་ལམ་ལུགས་དང་བྱེད་ཐབས་ཁག་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་སྐྱོན་བྲལ་དང་ཞན་འགྱུར་གདེང་འཇོག་རྣམ་གྲངས་ལེགས་གྲུབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་སྐྱོན་བྲལ་དང་ཞན་འགྱུར་གྱི་རྒྱ་ཁྱོན་དང་། ཁྱབ་ཚུལ། རིམ་པ་སོགས་ཀྱི་གནས་ཚུལ་གསལ་རྟོགས་བྱས་ཡོད། ཞིང་ཆེན་ཡོངས་ཀྱིས་རྩྭ་ཐང་བདག་སྐྱོང་བ་ཁྱོན་ཁྲི་4.27གདན་ཞུ་བྱས་ནས་རྩྭ་ཐང་བདག་སྐྱོང་གི་ལམ་སྲོལ་གསར་པ་ཆགས་ཡོད། ཞན་འགྱུར་རྩྭ་ཐང་བཅོས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། 2021ལོ་ནས་2023ལོ་བར་མི་ཐབས་ལ་བརྟེན་ནས་རྩྭ་མུའུ་ཁྲི་434.21བཏབ་པ་དང་། ཞན་འགྱུར་རྩྭ་ཐང་མུའུ་ཁྲི་1409.53གསབ་འདེབས་ལེགས་བཅོས་བྱས་པ། དུག་རྩྭ་མུའུ་ཁྲི་103གཙང་བཅོས་བྱས་པ། བྱི་གནོད་དང་འབུ་གནོད་རྩྭ་ཐང་མུའུ་ཁྲི་6055འགོག་བཅོས་བཅས་བྱས་ཡོད།