འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་5ཉིན།

༄༅།།མཚོ་སྔོན་དུ་ས་མཐོའི་དགུན་དུས་གངས་འཁྱག་ཡུལ་སྐོར་གྱི་ཚ་རླབས་གསར་པ་འཕྱུར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་05ཉིན། 10:20】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ལིན་ཧའེ། ཀྲང་གཡོད་ཧྲན།

   མཚོ་སྔོན་ཞིང་ཆེན་ལ་གངས་འཁྱག་གི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། དྲོད་ཚད་དམའ་བ་དང་། ཆུའི་ཐོན་ཁུངས་འབེལ་བ། གངས་འཁྱག་གི་དུས་ཚིགས་རིང་བ་ལ་སོགས་ཡོད་པས་མཚོ་སྔོན་གྱིས་གངས་འཁྱག་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཕན་ཡོད་ཀྱི་ཆ་རྐྱེན་བསྐྲུན་ཡོད་ལ། ཐུན་མོང་མ་ཡིན་པའི་གངས་འཁྱག་གི་ཐོན་ཁུངས་ཀྱིས་ས་མཐོའི་མང་ཚོགས་ཚོས་གངས་འཁྱག་གི་ཐོན་ཁུངས་སྤྱད་དེ་ཡོང་འབབ་གསོག་པར་སྐུལ་མ་ཡང་ཐེབས་ཡོད།

    གངས་འཁྱག་ཡུལ་སྐོར་ལ་ཚ་རླབས་ཡོངས་སུ་འཕྱུར་བར་བྱས་ཤིང་། དཔྱིད་གསར་དུས་ཆེན་རིང་། མཚོ་སྔོན་ཞིང་ཆེན་གྱི་འཁྱགས་ཐོག་ཏུ་རྐང་འཁོར་བཏང་ནས་འཁྱགས་ཤུད་གློད་པ་སོགས་བྱེད་ཆོག་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པ་མ་ཟད། འཁྱགས་ཤུད་ལ་དགའ་བའི་མི་རྣམས་ལ་རང་ཉིད་ཀྱི་རྩལ་ངོམས་སའི་གར་སྟེགས་བཏོད་ཡོད།

    ཆུས་ཐན་རྒྱལ་སྤྱིའི་གངས་ཤུད་ར་བ་ནི་མཚོ་སྔོན་ཞིང་ཆེན་ཧའེ་ཏུང་གྲོང་ཁྱེར་ལེ་ཏུའུ་ཆུས་སུ་ཡོད་པ་དང་རྫོང་གྲོང་དང་བར་ཐག་སྤྱི་ལེ་25ཙམ་ཡོད། དཔྱིད་གསར་དུས་ཆེན་རིང་། མཚོ་སྔོན་དང་། ཀན་སུའུ། ཧྲའན་ཤིས་སོགས་ནས་ཡོང་བའི་ཡུལ་སྐོར་བས་དེ་གར་ལོ་གསར་པའི་འཁྱགས་ཤུད་ཐོག་མར་རོལ་བར་སླེབས་ཡོད། ལོ་22ལ་སླེབས་པའི་པའོ་ཅི་ཕིང་ནི་ཤིས་ཨན་ཚན་རྩལ་སློབ་ཆེན་གྱི་སློབ་མ་ཡིན་ཞིང་། ཁོང་གིས་ས་མཐོར་གངས་ཤུད་གློད་སྐབས་ལུས་བདེ་སེམས་སྐྱིད་ཡོང་གི་འདུག་ཅེས་བརྗོད།

    གངས་ཤུད་ར་བའི་འགན་འཁུར་བ་ཚའོ་ཅིན་ཡན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཆུས་ཐན་རྒྱལ་སྤྱིའི་གངས་ཤུད་ར་བ་2015ལོར་དངོས་སུ་ཕྱི་ཕྱོགས་ལ་ལས་གཉེར་བྱེད་འགོ་ཚུགས་ཡོད་ལ། ལོ་ལྟར་གྱི་ཟླ་12པ་ནས་ཕྱི་ལོའི་ཟླ་2པ་བར་ཕྱི་ཕྱོགས་ལ་སྒོ་ཕྱེ་བཞིན་ཡོད། དཔྱིད་གསར་དུས་ཆེན་རིང་ཉིན་ལྟར་ཡུལ་སྐོར་བ་སྟོང་ཕྲག་ཟིན་གྱི་འདུག གངས་ཤུད་གློད་སར་སྲོལ་རྒྱུན་གྱི་དམའ་རིམ་དང་། འབྲིང་རིམ། མཐོ་རིམ་བཅས་ཀྱི་གངས་ཤུད་ལམ་ཡོད་པ་མ་ཟད། མིག་སྔར་ད་དུང་བྱེས་བགྲོད་གངས་ཤུད་འགྲན་ལམ་དང་རྐྱང་པང་སྤྱི་གླིང་ཡང་ཡོད་པས་གངས་ཤུད་ལ་དགའ་མཁན་ཚོར་སྤྲོ་སྣང་སྦྱིན་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་བྱུང་།

    ལོ་20ལ་སླེབས་པའི་ཀྲོའུ་ཀྲི་ཡུན་ལེ་ཏུའུ་ཆུས་ཆུས་ཐན་གྲོང་རྡལ་ཡའོ་ཀྲོང་གྲོང་ཚོར་སྡོད་ཀྱི་ཡོད་ཅིང་། ཁོང་མིག་སྔར་ཅི་ལིན་ལུས་རྩལ་སློབ་གླིང་དུ་སློབ་སྦྱོང་བྱེད་ཀྱི་ཡོད། དགུན་ཁའི་གུང་གསེང་རིང་ཁོང་རང་ཁྱིམ་གྱི་འཁྲིས་སུ་ཡོད་པའི་གངས་ཤུད་གློད་སར་རྩལ་ཁྲིད་པ་བྱེད་ཀྱི་ཡོད་ཅིང་། ཀྲོའུ་ཀྲི་ཡུན་གྱིས། དཔྱིད་གསར་དུས་ཆེན་རིང་ཁྱིམ་བདག་མང་པོ་ཞིག་གིས་ཕྲུ་གུ་ཁྲིད་ནས་འཁྱགས་ཤུད་གློད་པར་ཡོང་གི་འདུག་པས། ཟླ་བ་གཅིག་ལ་ཡོང་འབབ་སྒོར་ལྔ་སྟོང་ཙམ་རག་གི་འདུག “འཁྱགས་ཤུད་ལ་དགའ་མཁན་ཕྲུ་གུ་མང་པོ་ཞིག་མཐོ་ས་ནས་འཁྱགས་ཤུད་གློད་པར་དགའ་བ་དང་ཕྲུ་གུ་ཚོས་སྐྲག་སྣང་མེད་པར་འཁྱགས་ཤུད་གློད་པ་མཐོང་སྐབས་རང་ཉིད་ཀྱི་སེམས་ལ་དགའ་ཚོར་སྐྱེས་ཀྱི་འདུག”ཅེས་བརྗོད་བྱུང་།

    མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་དགུན་དུས་རྣམ་གྲངས་དང་ཕྱི་རོལ་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཝེ་ཏུང་གིས། མིག་སྔར་མཚོ་སྔོན་ཞིང་ཆེན་དུ་གཞི་ཁྱོན་ངེས་ཅན་གྱི་གངས་ཤུད་ར་བ་བཅུ་གྲངས་ཡོད་པ་དེ་དག་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་སོགས་སུ་ཡོད། དེ་གོང་གི་དགུན་དུས་གངས་འཁྱག་ལྟ་སྐོར་བྱེད་ཐབས་རྐྱང་པར་འགྱུར་ལྡོག་བྱུང་སྟེ་ས་མཐོའི་གངས་འཁྱགས་ཡུལ་སྐོར་དང་། རིག་གནས། ལུས་རྩལ་སོགས་ཐོན་ལས་མང་པོ་མཉམ་འདྲེས་གཏིང་ཟབ་ཐུབ་ཡོད་ཅེས་བརྗོད།

    གངས་དཀར་གངས་རི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་གི་ཁོངས་སུ་ཡོད་ཅིང་། མདོ་ལ་རིང་མོའི་ཤར་རྒྱུད་ཀྱི་རི་བོ་མཐོ་ཤོས་དེ་རེད། ལོ་འཁོར་མོར་རི་རྩེ་ཁ་བས་བཀླུབས་ཤིང་། རི་བོ་བརྗིད་ཉམས་ལྡན་ལ་འཁྱགས་པ་དང་། གངས། གཡའ་བྲག་བཅས་ལས་གྲུབ་ཡོད། དར་ཁའི་འཁྱགས་རོམ་གྱིས་རི་འཛེག་པར་རང་ཉིད་ཀྱི་འཇོན་ཐང་ངོམས་སའི་བར་མཐོངས་བཏོད་ཡོད།

    གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་སྐབས། མཚོ་སྔོན་གྱིས་གངས་དཀར་གངས་ཤུད་རི་འཛེག་བྱེད་སྒོ་གཉེར་གྱི་ཡོད་པས་ཉེ་འཁོར་གྲོང་ཚོ་དང་གྲོང་རྡལ་གྱི་འབྲོག་པ་རྣམས་ལ་ཡོང་འབབ་གསོག་པའི་གོ་སྐབས་བྱུང་སྟེ་ཁོང་ཚོས་འགྲན་བསྡུར་གྱི་སྒྲིག་ཆས་དང་དངོས་ཟོག་ས་བབ་མཐོ་ཚད་སྨི་3700ལྷག་ཙམ་གྱི་བར་བརྒལ་སྒར་ས་ནས་ས་བབ་མཐོ་ཚད་སྨི་4350ཡོད་པའི་འགྲན་བསྡུར་སྒར་ས་ཆེན་པོར་དབོར་བར་ཉིན་ལྟར་གླ་ཆ་སྒོར་500ཙམ་རག་གི་ཡོད།

    ད་ཆ་འཇུ་ལག་རྫོང་གིས་གངས་འཁྱག་ལ་བརྟེན་ནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱས་ཏེ་དགུན་དུས་ཡུལ་སྐོར་ལས་དོན་སྤེལ་ནས་ཡུལ་སྐོར་བ་ཚོས་ས་མཐོའི་ཡུལ་སྐོར་རིག་གནས་ཉམས་ལེན་དང་གངས་རིའི་ཡུལ་ལྗོངས་མྱོང་རོལ་ཐུབ་པར་བྱས་ཏེ་ཡུལ་སྐོར་བའི་སྣ་མང་ཅན་གྱི་རིག་གནས་དང་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་གི་ཡོད།