—— བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་རྣམ་གྲངས་འཛུགས་སྐྲུན་གྱི་ཕན་འབྲས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་26ཉིན། 13:34】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་རྣམ་གྲངས་ཆེན་པོས་འཕེལ་རྒྱས་ཆེན་པོར་སྐུལ་ཁྲིད་མཐའ་འཁྱོངས་ཀྱིས་རྣམ་གྲངས་ཁག་530རེས་འཁོར་ལག་བསྟར་བྱས་པའི་ནང་། དེང་རབས་ཀྱི་ཞིང་འབྲོག་ལས་དང་། ལྗང་མདོག་བཟོ་ལས། དེང་རབས་ཀྱི་ཞབས་ཞུའི་ལས་རིགས། རིག་གནས་ཡུལ་སྐོར་ཐོན་ལས། ཐོན་ལས་བདག་ཐོབ་ས་ཆ། དེ་བཞིན་རྨང་གཞིའི་སྒྲིག་བཀོད། གྲོང་གསེབ་དར་རྒྱས། སྤྱི་ཚོགས་བྱ་གཞག སྐྱེ་ཁམས་ཁོར་ཡུག་སོགས་གཙོ་གནད་ཁྱབ་ཁོངས་མང་པོ་ཚུད་ཡོད། མིག་སྔའི་བར། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་229.48ལེགས་གྲུབ་ཟིན་པ་དང་། རྣམ་གྲངས་ཡག་པོར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བཟང་དུ་སྐྱོད་པར་སྐུལ་འདེད་བཏང་བ་རེད།
སྟོད་ལུང་བདེ་ཆེན་ཆུས་ཀྱི་ཡུལ་མི་བསོད་ནམས་གཡང་འཛོམས་ཀྱིས་དགའ་ཚོར་ཆེན་པོས། “ད་ཆ་ང་ཚོའི་འདི་གར་ཡང་ཚོང་ར་ཡོད་པས། གཟའ་མཇུག་ཏུ་ལྷ་ས་གྲོང་ཁུལ་གྱི་ཚོང་ར་བསྐོར་དགོས་མེད། དབྱར་ཁར་ང་ཚོ་ནང་མི་ཚང་མ་ཐག་ཉེ་སར་གླིང་ཁ་གཏོང་གི་ཡོད་པས། ཧ་ཅང་སྟབས་བདེ་པོ་འདུག”ཅེས་བརྗོད།
དང་ཐོག་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་སྐྲུན་ཆེད། སྟོད་ལུང་བདེ་ཆེན་ཆུས་ཀྱིས་གདོང་དཀར་དུས་རབས་ཐང་ཆེན་དང་། ཧྲི་པང་·འདམ་རའི་སྤྱི་གླིང་། ཧྲི་པང་·ཨོའུ་ཞི་གཞིས་ཀ ལུང་ཐེང་ཚོང་ལས་ལྟེ་གནས་སོགས་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་ཆེ་གྲས་དང་། ཅིང་ཏུང་ཟོག་འགྲེམས་གླིང་དང་། ལིང་ཧྥུང་རིག་ལྡན་ཟོག་འགྲེམས་གླིང་། ས་མཐོའི་གྲང་ཕྲེང་ཟོག་འགྲེམས་ས་ཚིགས་སོགས་ཟོག་འགྲེམས་གླིང་ཆེ་གྲས་སྔ་རྗེས་སུ་བསྐྲུན་པ་མ་ཟད། ཞང་ཞུང་མེ་ཏོག་རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་ངུ་དང་། གཞོང་པ་ལྷ་ཆུ་གྲོང་གསེབ་ཡུལ་སྐོར་གླིང་ག མཚུར་ཕུའི་གནས་ནང་གྲོང་གསེབ་ཡུལ་སྐོར། ཆུ་བཟང་གྲོང་ཚོའི་གྲོང་གསེབ་ཡུལ་སྐོར་དམངས་སྲོལ་གནས་ཚང་སོགས་རིག་གནས་ཡུལ་སྐོར་རྣམ་གྲངས་ཀྱང་ལག་ལེན་བསྟར་བ་རེད། གྲོ་ཞིང་ཕྲེང་སྟར་ཐོན་རྫས་ཐོན་སྐྱེད་ལས་སྣོན་བཟོ་གྲྭ་དང་། ཙང་ཆོན་ཨ་རག་བཟོ་གྲྭའི་བསྐྱར་སྐྲུན་རྒྱས་སྐྲུན། མན་ཐིང་རྒྱུན་མཁོའི་རྫས་འགྱུར་ཐོན་རྫས་བཟོ་གྲྭ། ཧྲི་ཧྥེང་སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་རིག་ལྡན་གླིང་སོགས་ལྗང་མདོག་བཟོ་ལས་རྣམ་གྲངས་དང་། དེ་བཞིན“ཧྲང་སན་ཀྲེང”དེང་རབས་ཞིང་ལས་སྒྲིག་བཀོད་གླིང་རིམ་སྤོར་སྒྱུར་བཀོད། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན། “ཧྲང་སན་ཀྲེང”གི་ཞིང་ཆུ་གྲོན་ཆུང་གི་སྒྱུར་བཀོད། བཞོན་མ་གསོ་ཚགས་ལྟེ་གནས། ཕག་པ་གསོ་ཚགས་རྟེན་གཞི་སོགས་ཞིང་འབྲོག་ཐོན་ལས་རྣམ་གྲངས་བསྐྲུན་ཞིང་། “དེང་རབས་ཞབས་ཞུའི་ལས་རིགས་ཀྱི་གཙོ་ཁྲིད་ཐོན་ལས་དང་། དེང་རབས་བཟོ་ལས་ཀྱི་འདེགས་སྐྱོར་ཐོན་ལས། དེང་རབས་ཞིང་འབྲོག་ལས་ཀྱི་རྨང་གཞིའི་ཐོན་ལས”བཅས་ཀྱིས་གཙོས་པའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་བརྟེན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞི་ཁྱོན་ཕན་འབྲས་དང་། རུབ་བསྡུས་ཕན་འབྲས། ཁ་ཐོར་ཕན་འབྲས་བཅས་རྒྱུན་མཐུད་མངོན་གསལ་དོད་དུ་ཕྱིན་ཡོད།
སྤུས་ཚད་མཐོ་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད། སྟོད་ལུང་བདེ་ཆེན་ཆུས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་འཐབ་ཇུས་དམ་འཛིན་བྱ་གཞིར་བྱས་ཏེ། གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་བརྟན་པོ་སྤེལ་བ་དང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པའི་བྱ་སྤྱོད་གཏིང་ཟབ་སྤེལ་ནས། སྔ་རྗེས་སུ་འགྱིག་བལ་གྲོང་ཁྱེར་དང་། གྲོང་ཁྱེར་གྱི་ལྟེ་བའི་ཁུལ་གྱི་སྒོ་ར་སྔོ་འགྱུར། གྲོང་ཁྱེར་གྱི་ཁྱིམ་ཆས་ལེགས་སྒྱུར། གདོང་དཀར་ལམ་གྱི་གྲོང་ཁྱེར་ཡུལ་ལྗོངས་ལས་གྲྭ ཆུ་འགྲམ་མཛེས་ལྗོངས་ཀྱི་གྲོང་ཁྱེར་ལས་གྲྭ གྲོང་ཁྱེར་གྱི་མདོང་ལམ་སྒྱུར་བཀོད་དང་རིག་ལྡན་ཆུ་དོན། ཨར་སྐྲུན་གྱི་གད་སྙིགས་གཙང་སེལ་བཅས་དང་། དེ་བཞིན་སྡོད་ཁང་སྐྱོ་ཁུལ་དང་ཁུལ་ཆུང་རྙིང་པ་སྒྱུར་བཀོད་སོགས་ཀྱི་རྣམ་གྲངས་ཁག་10ལག་ལེན་བསྟར་ཞིང་། ཧྲང་ཀུའུ་གྲོང་གསར་ལུས་རྩལ་སྤྱི་གླིང་དང་། མི་རིགས་མཐུན་སྒྲིལ་སྤྱི་གླིང་སོགས་གྲོང་ཁྱེར་གྱི་སྤྱི་གླིང་ཁག་4དང་ལམ་འགྲམ་སྤྱི་གླིང་ཁག་6བསྐྲུན་ནས་སྒོ་ཕྱེ་བ་དང་། གྲོང་ཁུལ་གྱི་ས་ཆ་སྨི་ངོས་གྲུ་ཁྲི་40ལ་སྔོ་འགྱུར་བྱས་པར་སྨི་ངོས་གྲུ་ཁྲི་86ཟིན་པ་དང་། བྱང་རིའི་སྤྱི་གླིང་དང་གདོང་དཀར་ཁྲོམ་གཞུང་འགྲམ་གྱི་སྤྲོ་གསེང་གླིང་སོགས་རྣམ་གྲངས་གང་མགྱོགས་བསྐྲུན་ནས། སྟོད་ལུང་གྲོང་གསར་གྱི་སྐྱེ་ཁམས་གནས་འཕྲོད་བྱེད་ཚད་ལེགས་སུ་རྒྱུན་མཐུད་སོང་ཡོད།
སྤུས་ཚད་མཐོ་བའི་དམངས་འཚོའི་བདེ་རྩ་ཆེ་རུ་རྒྱུན་མཐུད་གཏོང་བའི་ལས་དོན་ཁྲོད། སྟོད་ལུང་བདེ་ཆེན་ཆུས་ཀྱིས་སློབ་གསོའི་བྱ་གཞག་ཐད། སྔ་རྗེས་སུ་ཆུས་སློབ་འབྲིང་གཉིས་པ་དང་། སློབ་ཆུང་གཉིས་པ། སློབ་ཆུང་གསུམ་པ། བུ་བཅོལ་ཁང་དྲུག་པ་དང་། བདུན་པ། བརྒྱད་པ་བཅས་སློབ་གྲྭ་ཁག་6བསྐྲུན་པར། རིམ་རྩིས་བརྒྱབ་ན། སློབ་ཞུགས་གོང་གི་སློབ་གསོའི་སློབ་གནས་1760དང་འོས་འགན་སློབ་གསོའི་སློབ་གནས་4320མང་དུ་སོང་བ་དང་། ལྷ་སའི་བདེ་སྐྱིད་སློབ་གྲྭ་དང་། ཆུས་སློབ་ཆུང་དྲུག་པ། བུ་བཅོལ་ཁང་དགུ་པ་དང་བཅུ་པ་སོགས་ཀྱི་སློབ་གསོའི་རྣམ་གྲངས་གང་མགྱོགས་སྐྲུན་བཞིན་ཡོད་པ་རེད། སློབ་གྲྭའི་བཀོད་པ་རྒྱུན་ཆད་མེད་པར་ལེགས་སུ་དང་སློབ་གསོའི་ཐོན་ཁུངས་སྤུས་ལེགས་རྒྱུན་མཐུད་དེ་རྒྱ་སྐྱེད་བཏང་ནས། རྒྱལ་ཁབ་ཀྱི་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བའི་དཔེ་སྟོན་ཁུལ་མགྱོགས་མྱུར་འཛུགས་གཏོད་བྱས་པ་རེད།