གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་24ཉིན། 14:44】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་1ཚེས་19ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱིས་2025ལོར་མ་དངུལ་སྒོར་དུང་ཕྱུར་148བཀོད་སྒྲིག་བྱས་ནས། དམངས་འཚོའི་ལས་དོན་ཁག་28ལག་བསྟར་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་འཆར་འགོད་ལག་བསྟར་བྱེད་པའི་དམངས་འཚོའི་ལས་དོན་གཙོ་བོ་གནོད་འཚེ་ཐེབས་པའི་མི་སྣའི་བར་བརྒལ་དུས་སྐབས་ཀྱི་འཚོ་བའི་རོགས་སྐྱོབ་དང་། ལས་ཞུགས། སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ཕྱོགས་ཚུད་ཡོད་པ་དང་། 2024ལོའི་དམངས་འཚོའི་ལས་དོན་དང་བསྡུར་ན་རྣམ་གྲངས་7གསར་དུ་འཕར་བ་དང་། ཚོད་རྩིས་མ་དངུལ་གཞི་ཁྱོན་སྒོར་དུང་ཕྱུར་16.2འཕར་ཡོད་པ་རེད། དེའི་ནང་ཉེ་དུས་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8བརྒྱབ་པའི་གནོད་ཁུལ་གྱི་གནོད་འཚེ་ཕོག་པའི་མི་སྣའི་བར་བརྒལ་དུས་སྐབས་ཀྱི་འཚོ་བའི་རོགས་སྐྱོབ་ལ་དམིགས་ནས། ཆེད་མངགས་མ་དངུལ་སྒོར་དུང་ཕྱུར་4.5བཀོད་སྒྲིག་བྱས་ནས་རྒྱབ་སྐྱོར་བྱ་རྒྱུ་དང་། སྨན་བཅོས་འཕྲོད་བསྟེན་དང་སྤྱི་ཚོགས་འགན་སྲུང་ཁག་བརྒྱད་དང་འབྲེལ་བ་ཡོད་པ་དང་། བཀོད་སྒྲིག་མ་དངུལ་གྱི་གཞི་ཁྱོན་སོ་སོར་སྒོར་དུང་ཕྱུར་33དང་སྒོར་དུང་ཕྱུར་24.1ཡིན།