འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་24ཉིན།

༄༅།།ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱིས་2024ལོའི་སྒྲིག་ཁྲིམས་ལྟ་ཞིབ་ལས་བྱེད་པར་
ལྟ་སྐུལ་ཞིབ་བཤེར་དང་བརྟག་དཔྱད་བྱས་ཚུལ་བརྡ་ཁྱབ་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་24ཉིན། 09:52】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་21ཉིན་གློག་འཕྲིན་འབྱོར་གསལ། 2024ལོར་རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ལས་དོན་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ། བརྗོད་དོན་གཙོ་བོའི་སློབ་གསོ་དང་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་ཤུགས་ཆེན་བཏང་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཕན་འབྲས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་བཅས་བྱས་ཏེ། བསམ་བློ་དང་། སྤྱོད་ཚུལ། སྤྱོད་གཙང་། དོ་དམ་ནན་པོ་བཅས་ཀྱི་ཐད་རང་ངོས་གསར་བརྗེ་བྱེད་ཕོད་པ་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་ནན་པའི་རྩ་བའི་དགོངས་གཞི་དང་། ནན་པའི་བྱེད་ཐབས། ནན་པའི་རྣམ་པ་བཅས་ལ་བརྟེན་ནས་རྒྱུན་གཏན་གྱི་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁྲི་ཁུར་ཕོད་པ། འཐབ་རྩོད་བྱེད་ཕོད་པ་བཅས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་གྱི་དམག་དཔུང་ཧྲག་པོ་ཞིག་བཏོད་ཡོད།

    རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པ་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་ཁུངས་སྣེའམ་ཡང་ན་གསལ་ཞུ་བྱས་པའི་གནད་དོན་ཁྲི་2.87ལྷག་ཙམ་བསྡུ་ལེན་བྱས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པ་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་ཁུངས་སྣེ་ཁྲི་2.57ལྷག་ཙམ་ཐག་གཅོད་བྱས་པ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པར་སྐད་ཆ་འདྲི་བ་དང་འཕྲིན་ཡིག་བསྐུར་ནས་མི་ཐེངས་9041ལ་འདྲི་རྩད་བྱས་པ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པ་3375ཡི་གྱོད་དོན་ཐོ་འགོད་བྱས་པ་དང་མི་3917ལ་ཆད་པ་བཅད་པ། མི་374ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་པ་བཅས་ཀྱི་ནང་ཐིང་དང་ཅུས་རིམ་པའི་ལས་བྱེད་པ་158དང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་957ལ་ཆད་པ་བཅད་པ་རེད། རྒྱལ་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“ཐབས་རྣམ་བཞི”སྤྱད་དེ་སྒྲིག་ཁྲིམས་ལྟ་ཞིབ་ལས་བྱེད་པ་མི་ཐེངས་ཁྲི་2.15ལྷག་ཙམ་ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་ཤིང་། དེའི་ནང་ཐབས་རྣམ་དང་པོ་སྤྱད་དེ་མི་ཐེངས་17476ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་དང་། ཐབས་རྣམ་གཉིས་པ་སྤྱད་དེ་མི་ཐེངས་3149ལ་ཐག་གཅོད་བྱས་པ། ཐབས་རྣམ་གསུམ་པ་སྤྱད་དེ་མི་ཐེངས་516ལ་ཐག་གཅོད་བྱས་པ། ཐབས་རྣམ་བཞི་པ་སྤྱད་དེ་མི་435ལ་ཐག་གཅོད་བྱས་པ་བཅས་རེད།