འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་23ཉིན།

༄༅།།2024ལོའི་མཚོ་སྔོན་གྱི་ལས་ཞུགས་རྣམ་པ་སྤྱི་ཡོངས་བརྟན་པོ་རྒྱུན་འཁྱོངས་ཐུབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་23ཉིན། 10:11】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་1ཚེས་19ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར། 2024ལོའི་ཟླ་12པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་6.45ལས་ཞུགས་ཐུབ་པ་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི་109.38ལས་ཞུགས་གཞན་སྒྱུར་ཐུབ་པ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་བརྟག་དཔྱད་བྱེད་ཚད་ཆ་སྙོམས་5.2%ཟིན་ནས་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.3ཆག་པ་བཅས་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་རྣམ་པ་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད།

    2024ལོ་ནས་བཟུང་། མི་སྤྱི་ཐིང་གིས“མཚོ་སྔོན་eལས་ཞུགས”ཀྱི་ཁྱད་ལྡན་སྤུས་རྟགས་བཏོད་པ་དང་། རིག་ལྡན་ཆ་འཕྲིན་སོགས་འདུ་འགོད་ཁག་6ལག་བསྟར་བྱས་ཏེ་ས་ཁུལ་དང་སྡེ་ཚན་དབར་གྱི་ལས་ཞུགས་ཀྱི་འབྲེལ་ཡོད་གྲངས་གཞི་མཉམ་སྤྱོད་དང་སྲིད་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས“ལས་ཞུགས་ཆེན་པོའི”ལས་ཀའི་རྣམ་པ་ཧུར་ཐག་བཏོད་ཡོད། ལས་ཞུགས་སྲིད་ཇུས་དང་དཔལ་འབྱོར་སྲིད་ཇུས་མཉམ་འགུལ་དང་ལས་གནས་གསར་གཏོད་དང་ལས་གནས་བརྟན་པོ་ཡོང་བ་གལ་ཆེ་མཉམ་དུ་འཛིན་པ་མཐའ་འཁྱོངས་བྱས་པ་མ་ཟད། མི་སྤྱི་ཁོངས་གཏོགས་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རོགས་རམ་བྱེད་ཐབས་ཁག16དང་། ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་ངང་མང་དུ་གཏོང་བའི་བྱེད་ཐབས་ཁག་20 མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་དང་ལས་གཏོད་ལས་དོན་ཡག་པོ་སྒྲུབ་པའི་བྱེད་ཐབས་ཁག་14 ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁག་12སོགས་སྲིད་ཇུས་ཡིག་ཆ་ཞིབ་འཇུག་བྱས་ཏེ་བཏོན་ནས་སྤུས་ཚད་མཐོ་བ་དང་ལས་ཞུགས་གང་ལེགས་ཐུབ་པའི་སྲིད་ཇུས་ཀྱི་འདེགས་སྐྱོར་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ཡོད། ཁེ་ལས་ཀྱིས་ལས་ཞུགས་ལས་གནས་བརྟན་པོ་ཡོང་བ་དང་རྒྱ་ཆེར་གཏོང་བར་སྔར་བས་རྒྱབ་སྐྱོར་བྱས་ནས་ཁེ་ལས་ལ་ལས་གནས་བརྟན་པོ་ཡོང་བའི་ཁ་གསབ་དངུལ་དང་ལས་མི་བསྡུས་པའི་སྤྱི་ཚོགས་འགན་སྲུང་གི་ཁ་གསབ་དངུལ་སྤྲོད་པ་སོགས་སྲིད་ཇུས་དྲིལ་བསྒྲགས་ངོ་སྤྲོད་དང་ཞབས་ཞུའི་ལས་དོན་སྤེལ་ནས། ཁྱོན་བསྡོམས་ཁེ་ལས་ལ་དཔྱ་ཁྲལ་སྒོར་དུང་ཕྱུར་9.15ཆག་ཡང་བཏང་བ་མ་ཟད། ཁེ་ལས་ཁྲི་1.99ལ་ལས་གནས་བརྟན་པོ་ཡོང་བའི་ཁ་གསབ་དངུལ་སྒོར་དུང་ཕྱུར་1.71དང་སྤྱི་ཚོགས་འགན་སྲུང་གི་ཁ་གསབ་དངུལ་སྒོར་ཁྲི་4373.4སྤྲད་པ་རེད།

    ལས་ཞུགས་རོགས་སྐྱོར་ཟླ་བ་སོགས“12+N”སྤྱི་པའི་ལས་ཞུགས་ཞབས་ཞུའི་བྱེད་སྒོ་མུ་མཐུད་སྤེལ་ནས་ཁྱོན་བསྡོམས་ཆེད་དོན་བྱེད་སྒོ་ཐེངས་410གཉེར་བ་དང་ལས་གནས་ཆ་འཕྲིན་ཁྲི་41ལྷག་ཙམ་ཁྱབ་བསྒྲགས་བྱས་ཡོད། “སྒོ་རྩར”སྟབས་བདེའི་ལས་ཞུགས་ཞབས་ཞུ་ཁྱབ་གདལ་བཏང་ནས་ཉིན་གླའི་ཁྲོམ་ར་30བསྐྲུན་ཏེ་ཆ་སྙོམས་ཉིན་རེར་མི་ཐེངས་3000ཡན་ལ་ཞབས་འདེགས་ཞུས་ཡོད། ཐབས་ལམ་སྣ་ཚོགས་ནས་སྲིད་ཇུས་རང་བཞིན་གྱི་ལས་གནས་དང་ལྟ་སྦྱོང་ལས་གནས་བསྡུ་རུབ་བྱས་པ་མ་ཟད། ཚོགས་སྒྲིག་རྣམ་པའི་བྱེད་ཐབས་ནས་ཕྱིར་སྐྱོད་ལས་ཞུགས་ཀྱི་བྱེད་སྒོ་སྤེལ་བ་དང་མཐོ་སློབ་སློབ་ཐོན་སློབ་མ་གཞི་རིམ་དང་ཁེ་ལས་སུ་ལས་ཞུགས་བྱེད་པར་ཁྲིད་སྟོན་བྱས་ཏེ་སློབ་གྲྭ་ཐོན་ནས་ལས་ཞུགས་ཐུབ་མེད་པའི་ལོ་འདིའི་སློབ་ཐོན་སློབ་མ་ཁྲི་1.5ལས་ཞུགས་ཐུབ་པར་རོགས་རམ་བྱས་ཡོད། མཚོ་སྔོན་གྱི་འཐེན་ཐུག་དང་། མཚོ་སྔོན་གྱི་ཕར་ཆིན། ཚྭ་འདམ་གཞོང་སའི་འདྲེ་ཚེར་མ་འཐུ་བ། ཁྱིམ་ལས་རོགས་རེས་སོགས་ཞིང་ཆེན་རིམ་པའི་ངལ་ནུས་སྤུས་རྟགས་49མུ་མཐུད་བཏོད་ནས་མི་ཐེངས་ཁྲི་40ལས་ཞུགས་ཐུབ་པར་སྣེ་ཁྲིད་བྱས་ཡོད།