གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་22ཉིན། 15:48】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། 2024ལོར་མཚོ་སྔོན་གློག་ཤུགས་ཀྱི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་7100ལྷག་ཙམ་ཟིན་ནས་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་1680མང་དུ་ཕྱིན་ཏེ། ནུས་རྒྱུ་གཙང་མ་དང་། ནུས་རྒྱུ་གསར་པའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་94.6%དང་70%སོ་སོར་ཟིན་ཡོད། དེ་ནི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བ་ཞིག་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2024ལོར་མཚོ་སྔོན་ཞིང་ཆེན་གྱིས་ནུས་རྒྱུའི་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། རླུང་གློག་འོད་ཤུགས་ཀྱི་རྟེན་གཞིའི་རྣམ་གྲངས་ཁག་དང་པོ་ཕྱོགས་ཡོངས་ནས་བསྐྲུན་ཟིན་ཏེ་སྤྱོད་འགོ་ཚུགས་པ་དང་། ཆན་ཝ་ཁྲི་བརྒྱ་རིམ་པའི་མར་སྟེང་དང་། གཡང་འཁྱིལ་ཆུ་ཤུགས་གློག་ཁང་གཉིས་ཀྱི་སྒྲིག་སྦྱོར་འཕྲུལ་འཁོར་དྲ་སྦྲེལ་གློག་གཏོང་ཐུབ་ཡོད། ཕུན་སུམ་ཚོགས་པའི་ལྗང་མདོག་ཐོན་ཁུངས་ཀྱིས་ཐོན་ལས་གསར་པ་འཕེལ་རྒྱས་ལ་རམ་འདེགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྲངས་གཞི་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེན་ཝེ་ཅུན་གྱིས། མཚོ་སྔོན་ཞིང་ཆེན་གྱི་ཆུ་དང་ཉི་འོད་རླུང་ཤུགས་ཕུན་སུམ་ཚོགས་པའི་ཁར་ས་ཁྱོན་ཆེ་བས། ལྗང་མདོག་རྩིས་ཤུགས་འཕེལ་རྒྱས་གཏོང་བར་གཞན་གྱི་འགྲན་ཟླ་མེད་པའི་རང་བྱུང་ཆ་རྐྱེན་འཛོམས་ཡོད། 2024ལོའི་ལོ་མཇུག་བར། མཚོ་སྔོན་གྱིས་བརྒྱབ་ཟིན་པ་དང་རྒྱག་བཞིན་པའི་ཚད་ལྡན་འཁོར་སྒྲོམ་ཁྲི་9.3དང་། རྩིས་ཤུགས་གཞི་ཁྱོན་8400Pཟིན་ཡོད། སྔོན་དཔག་ལྟར་ན། 2025ལོར་ཞིང་ཆེན་ཡོངས་ཀྱི་ཚད་ལྡན་འཁོར་སྒྲོམ་དང་རྩིས་ཤུགས་གཞི་ཁྱོན་སྔར་བས་མགྱོགས་མྱུར་འཕར་རྒྱུ་ཡིན་པ་རེད།
(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)