འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་22ཉིན།

༄༅།།ཡེ་ཤེས་དང་བཀྲ་ཆུང་གིས་གེགས་ཁུལ་ལ་གཅེས་སེམས་བཅངས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་22ཉིན། 15:47】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧོང་ཡའོ་མན། དབྱང་ཧྥན།

ཟོག་འདྲེན་རླངས་འཁོར་ནང་ནས་ལྕི་བ་ཏུན་གསུམ་ཕབ་རྗེས་ཡེ་ཤེས་དང་ཁོང་གི་གཅུང་པོ་བཀྲ་ཆུང་གཉིས་གཞི་ནས་བློ་བདེ་པོ་བྱུང་། ཕྱིར་ལོག་པའི་ལམ་བར་དུ་ས་རུབ་ལ་ཉེ་ཡང་། གཅེན་གཅུང་གཉིས་ཀྱི་སེམས་སུ་གེགས་ཁུལ་མང་ཚོགས་ལ་རོགས་རམ་ཅུང་ཙམ་ཐུབ་སོང་སྙམ་ནས་བརྗོད་མི་ཤེས་པའི་དགའ་སྤྲོ་ཞིག་འཕེལ་ཡོད་པ་རེད།

ཟླ་1ཚེས་7ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་5ཙམ་ལ། དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་། ཕ་ཡུལ་ཡོམ་ལྟེ་དང་བར་ཐག་སྤྱི་ལེ་200ལྷག་ཡོད་པའི་ས་དགའ་རྫོང་ཤར་རུ་ཤང་དུ་ཡོད་པའི་ཡེ་ཤེས་ལ་མཚོན་ན། དང་ཐོག་ཁོང་གིས་གནོད་འཚེ་དེའི་ཚབས་ཆེའི་རང་བཞིན་རྩ་བ་ནས་ཤེས་མེད། གྲོང་མི་ཞིག་གིས“དིང་རི་དང་ལྷ་རྩེའི་ཁང་པ་ཚང་མ་ལོག་འདུག”ཅེས་བཤད་པ་ཐོས་སྐབས་གཞི་ནས་ཤེས།

ཚང་མས་ལག་ཐོགས་ཁ་པར་བླངས་ནས་བལྟས་པས་ཡོམ་ལྟེ་ཁུལ་དུ་ཁང་པ་ལོག་སྟེ་གྲོང་མི་ཚོ་ཉེན་ཁའི་གནས་སུ་གྱར་སྟབས་རོགས་སྐྱོབ་རུ་ཁག་གིས་དུད་ཚང་རེ་རེ་བཞིན་འཚོལ་སྐྱོབ་བྱེད་པའི་གཏམ་ངན་དེ་གཞི་ནས་ཐོས། དེ་འཕྲལ་ཡེ་ཤེས་ཀྱི་སེམས་པ་ཡང་བློང་བློང་པོར་གྱུར་ནས་སྡུག་བསྔལ་དྲག་པོས་མནར།

ཡུན་རིང་མ་སོང་བར་རྫོང་གིས་ཛ་དྲག་ངང་ཤང་དང་གྲོང་ཚོ་ཁག་ལ་ཉེན་རྟོག་པ་དང་སྨན་པ་སོགས་སྒྲིག་འཛུགས་བྱས་ནས་ཡོམ་ལྟེར་རོགས་སྐྱོར་བྱ་རྒྱུའི་འབོད་སྐུལ་བྱས་པ་དང་སྦྲགས། ཚང་མར་གེགས་ཁུལ་ལ་ཞལ་འདེབས་རྒྱག་རྒྱུའི་སྐུལ་སློང་ཡང་བྱས་པས། ཡེ་ཤེས་དང་བཀྲ་ཆུང་འཕྲལ་དུ་ཤང་གི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་འཛུགས་སྐྲུན་དཔུང་ཁག་ནང་ཞུགས། དུས་དེ་ནས་བཟུང་གཅེན་གཅུང་དེ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ལེ་200ལྷག་གི་མཚམས་སུ་ཡོད་པའི་ཡོམ་ལྟེ་ཁུལ་གྱི་གནོད་འཚེ་ཕོག་མཁན་ཚོར་སེ〓མས་འཁྲལ་བྱས་ནས་བསྡད།

“གྲང་ངར་ཆེ་ཞིང་ས་བབ་མཐོ་ཚད་སྨི་བཞི་སྟོང་ལྷག་ཟིན་པའི་གངས་རིའི་འདབས་སུ་དགུན་ཁར་དྲོད་ལེན་དངོས་ཟོག་ངེས་པར་དགོས”ཞེས་རྫོང་གི་འགན་འཁུར་བས་ནན་བཤད་བྱས།

རྫོང་གི་འབོད་སྐུལ་འོག ཚང་མས་རང་ཁྱིམ་གྱི་ལྕི་བ་དང་མེ་ཤིང་སོགས་བསྡུ་རུབ་བྱེད་འགོ་བརྩམས། ཡེ་ཤེས་དང་བཀྲ་ཆུང་གིས་ཀྱང་ལྕི་བ་དང་མེ་ཤིང་རྩྭ་རས་ཆེན་པོ་ཁ་ཤས་སྡུད་གསོག་བརྒྱབ་ནས་གེགས་ཁུལ་ལ་ཞལ་འདེབས་རྒྱག་རྩིས་བྱས།

ས་དགའ་རྫོང་གིས་ལྕི་བ་དང་རིལ་མ་སོགས་ཁྱོན་རྩྭ་རས་13147ཞལ་འདེབས་བརྒྱབ་པ་དེ་དག་གི་ལྗིད་ཚད་ཏུན་240ལྷག་ཟིན་ཡོད། གེགས་ཁུལ་ལ་དུས་ཐོག་ཏུ་འབྱོར་བའི་འགན་ལེན་བྱ་ཆེད། རྫོང་གིས་དངོས་ཟོག་སྐྱེལ་འདྲེན་ལ་མིང་ཐོ་འགོད་པའི་ལས་དོན་སྒྲིག་འཛུགས་བྱས། ཤར་རུ་ཤང་ཁོ་ནར་གྲོང་མི་ཉི་ཤུ་སུམ་ཅུ་ལྷག་གིས་མིང་ཐོ་བཀོད་ཡོད་པ་དང་། མཇུག་མཐར་ཤང་གིས་ཡེ་ཤེས་དང་བཀྲ་ཆུང་སོགས་དང་བླངས་པ་14བདམས་པ་རེད།

ས་དགའ་རྫོང་ཤར་རུ་ཤང་གི་ཤང་ཀྲང་ཀྲང་ཝུན་ཐའོ་ཡིས། “གྲོང་མི་ཚོར་ཧུར་སེམས་ཆེན་པོ་འདུག དུད་ཚང་ཚང་མས་ལྕི་བ་མང་པོ་ཞལ་འདེབས་བརྒྱབ་བྱུང”ཞེས་བཤད།

ལྕི་བ་རྩྭ་རས་གང་ལ་རྒྱ་མ་བདུན་ཅུ་བརྒྱད་ཅུ་ཡོད་ལ་དེ་འདྲ་མང་པོ་མཉམ་དུ་སྤུངས་བས་དེའུ་ཞིག་དང་འདྲ་པོ་འདུག གཅེན་གཅུང་གཉིས་དང་གྲོང་མི་ཚོས་རྩྭ་རས་རེ་རེ་བྱས་ནས་ཁུར་པས་ཕྲག་པ་ཡང་ན་བྱུང་། ལྕི་བ་ཚང་མ་ཟོག་འཁོར་ནང་བླུགས་ཚར་དུས་ས་ཡང་རུབ་འདུག

ཚེས་9ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་པར་ཉི་ཤར་གོང་ཟོག་འཁོར་རུ་ཁག་དེ་ལྷ་རྩེ་རྫོང་ཕྱོགས་སུ་བསྐྱོད། ལྷ་རྩེ་རྫོང་ནི་དིང་རིའི་ས་ཡོམ་རིམ་པ་6.8ཀྱི་གནོད་འཚེ་ཕོག་ཚབས་ཅུང་ཆེ་བའི་ས་ཁུལ་ཞིག་ཡིན་ལ་རྫོང་དེ་ཡོངས་སུ་ཁང་པ་1500ལྷག་ལོག་ཡོད་པ་རེད།

སྤྱི་ལེ་ཉིས་བརྒྱ་ལྷག་སྟེ་ཆུ་ཚོད་ལྔ་ལྷག་ཙམ་ལ་བསྐྱོད་དགོས་པས་ཡེ་ཤེས་ལ་བྲེལ་བ་ཆེན་པོ་ལངས། “ངས་དངོས་ཟོག་འདི་དག་མགྱོགས་མྱུར་དབོར་ཐུབ་ན་བསམ་གྱི་འདུག”ལྷ་རྩེ་རྫོང་དུ་སླེབས་ལ་ཉེ་བའི་སྐབས་ས་ཆ་ཁག་ནས་བསྐྱལ་བའི་རོགས་སྐྱོར་དངོས་ཟོག་མང་པོ་སྤུངས་ཡོད་པ་མཐོང་བས། ཡེ་ཤེས་ཀྱི་བློ་གཞི་ནས་ཅུང་བདེ་པོ་བྱུང་།

ཉིན་དེའི་ཕྱི་དྲོའི་ཆུ་ཚོད་དྲུག་པ་ལྷག་ལ་སླེབས་རྗེས། ཁོང་ཚོས་བསྐྱལ་བའི་དངོས་ཟོག་ཚང་མ་ཕབ་ཚར་ནས། ཡེ་ཤེས་དང་བཀྲ་ཆུང་གཉིས་ཀྱིས་ཉིན་དེའི་ལྟོ་ཐེངས་དང་པོ་གཞི་ནས་བཟས་པ་དང་། བཟའ་ཟླས་གྲ་སྒྲིག་བྱས་པའི་རྩམ་པ་དང་ཚགས་ཤ་ཁམ་ཁ་ཤས་ཀྱང་ཟ་ཁོམ་མེད་པར་ཕྱིར་ལོག་པ་རེད།

ལྷ་རྩེ་རྫོང་གི་ཡུལ་མི་ཆོས་སྒྲོན་ལ་ལྕི་བ་རག་རྗེས“རྒྱལ་ཁབ་དང་སྲིད་གཞུང་གིས་ང་ཚོར་ཐོག་མཐའ་བར་གསུམ་དུ་རོགས་རམ་བྱེད་ཀྱི་འདུག ད་ཆ་དངོས་ཟོག་གང་དགོས་འཛོམས་ཡོད། དངོས་འབྲེལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

དྲོ་སོབ་སོབ་ཀྱི་སྟབས་བདེའི་ཁང་པ་དང་དམར་ལམ་ལམ་དུ་འབར་བའི་མེ་ཐབ་ཡིས། ས་མཐོའི་གྲང་ངར་ཆེ་བའི་དགུན་ཁར་གེགས་ཁུལ་མང་ཚོགས་ལ་དྲོ་སྐྱིད་སྦྱིན་གྱི་ཡོད་པ་རེད།

(དམ་ཆོས་མི་ཕམ་དང་མཚམས་གཅོད་ཀྱིས་སྒྱུར་ཞུས་བྱས)