འགན་བཅོལ་ནང་ཞུཌ་མཁན་མང་ཚོཌ་ཀྱི་སྔ་རྟིང་སྤྲོད་པའི་མ་དངུལ་སྒོར་དུང་ཕྱུར་2000ཙམ་ཉུང་དུ་ཕྱིན་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་22ཉིན། 14:38】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ནས་ཤེས་རྟོགས་བྱུང་བར། 2024ལོར། རྒྱལ་ཡོངས་སུ་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་ཀྱི་ཐད་ཀར་རྩིས་ཞུའི་ལས་དོན་གཞི་རྩའི་ཆ་ནས་འཁོར་སྐྱོད་བརྟན་པོ་བྱུང་སྟེ་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་མི་ཐེངས་དུང་ཕྱུར་2.38ལ་ཕན་པ་ཐོབ་ནས་སྔ་རྟིང་སྤྲོད་པའི་མ་དངུལ་སྒོར་དུང་ཕྱུར་1947.25ཉུང་དུ་ཕྱིན་པ་དེ་2023ལོ་དང་བསྡུར་ན་84.70%དང་26.71%སོ་སོར་འཕར་ཡོད། ལྷག་པར་དུ་གཅོང་ནད་དང་དམིགས་བསལ་ནད་གཞི་སྒོ་བསྟེན་སྨན་བཅོས་རྩིས་ཞུ་བྱེད་ཚད་མི་ཐེངས་ཁྲི་909.65ཟིན་པ་དེ་2023ལོ་དང་བསྡུར་ན་174.81%འཕར་ཡོད་པ་རེད།
ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་ཀྱི་ཐད་ཀར་རྩིས་ཞུའི་ཁྱབ་ཁོངས་སྔར་བས་ཆེ་རུ་ཕྱིན་པ། ནད་སྡོད་སྨན་བཅོས་དང་སྤྱིར་བཏང་གི་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་ཞུ་ལས་དོན་རྫོང་ཁོངས་ལ་ཁྱབ་པ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བའི་རྨང་གཞིའི་ཐོག 2024ལོའི་ཟླ་བརྒྱད་པའི་ཟླ་མཇུག་ཏུ། རྫོང་ཚང་མར་ཁྲག་ཤེད་མཐོ་བ་དང་། གཅིན་པ་མངར་འགྱུར། སྐྲན་ནད་ངན་རིགས་ཀྱི་སྒོ་བསྟེན་འཕྲོ་འགྱེད་སྨན་བཅོས་དང་རྫས་འགྱུར་སྨན་བཅོས། གཅིན་དུག་བསིང་བཅོས། དབང་པོ་སྤོ་འཛུགས་གཤགས་བཅོས་རྗེས་ཀྱི་དུག་སེལ་སྨན་བཅོས་བཅས་གཅོང་ནད་དང་དམིགས་བསལ་ནད་གཞི་རིགས་ལྔ་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་ཞུའི་ཞབས་ཞུ་མཁོ་འདོན་བྱེད་མཁན་དམིགས་བཙུགས་སྨན་བཅོས་ལས་ཁུངས་གཅིག་ཉུང་མཐར་ཡང་ཡོད་པ་མངོན་འགྱུར་བྱུང་བ་དང་། ཟླ་བཅུ་གཉིས་པར། སྤྱི་འདོམས་ས་ཁུལ་ཚང་མས་སྨན་བཅོས་བྱ་ཡུལ་ཡིན་པའི་ཆ་ནས་གློ་བའི་གཅོང་ནད་དང་། གྲུམ་བུའི་ནད། སྙིང་རྩ་འགག་པའི་ནད། ནད་དུག་རང་བཞིན་གྱི་མཆིན་ཚད། སྒལ་གཞུང་ཤིང་རེངས་གཉན་ཚད་བཅས་གཅོང་ནད་དང་དམིགས་བསལ་ནད་གཞི་རིགས་ལྔའི་སྒོ་བསྟེན་སྨན་བཅོས་ཀྱི་འབྲེལ་ཡོད་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་ཞུ་བྱས་ཤིང་། ཟླ་དེའི་ནང་གསར་དུ་འཕར་བའི་གཅོང་ནད་དང་དམིགས་བསལ་ནད་གཞི་རིགས་ལྔའི་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་ཞུ་བྱེད་ཚད་མི་ཐེངས་ཁྲི་2.03ཟིན་ནས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱི་སྔ་རྟིང་སྤྲོད་པའི་མ་དངུལ་སྒོར་ཁྲི་479.36ཉུང་དུ་ཕྱིན་ཡོད་པ་རེད།