ལི་ཧྲུའུ་ལེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་22ཉིན། 14:37】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་20ཉིན། རྒྱལ་ཡོངས་ཀྱི“འཆལ་རྡུང་ལོག་སེལ”གྱི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང“འཆལ་རྡུང་ལོག་སེལ”འཐབ་ཕྱོགས་ཀྱིས་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། མཐའ་ཚད་ཀྱི་བསམ་བློ་བརྟན་དུ་གཏོང་བ། ཆེད་དོན་བཅོས་སྒྲིག་རབ་དང་རིམ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཁྲིམས་འགལ་གྱི་དཔེ་སྐྲུན་བརྒྱུད་སྤེལ་བྱེད་སྒོར་རྡུང་རྡེག་ཚ་ནན་གཏོང་བ། དྲ་ཐོག་དང་དྲ་ཕྱིའི་རིག་གནས་ཁོར་ཡུག་ཕྱོགས་ཡོངས་ནས་གཙང་སེལ་བཅས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཧུར་ཐག་ཞུས་ཡོད་པ་རེད།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། གཞི་སྒྱུར་རྩ་སྒྱུར་དང་གཞུང་འཁྱོངས་གསར་འབྱེད་བྱེད་པ། འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁ་ནུས་ལྡན་ངང་སྔོན་འགོག་དང་སེལ་བ། ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག་གི“འཆལ་རྡུང་ལོག་སེལ”ཁྱབ་ཁོངས་ཀྱི་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་སྟེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྤྱི་ཚོགས་དང་རིག་གནས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་དགོས། མི་དམངས་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་གནས་ཚུལ་གསར་པ་དང་འཕེལ་ཕྱོགས་གསར་པ་ཤེས་ཚོར་སྐྱེན་པོ་ཡོང་བར་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་། དབང་གནོད་བརྐུས་དཔར་གྱི་བྱེད་སྤྱོད་དང་ཆགས་སྲེད་ཀྱི་ཆ་འཕྲིན་ཁྱབ་སྤེལ་བྱེད་སྒོར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ། ལག་རྩལ་གྱི་ཉེན་ཁ་སྔོན་འགོག་དང་ལག་རྩལ་གྱིས་ནུས་པ་ཐོན་པར་ཤུགས་སྣོན་རྒྱག་པ། དུས་བབ་ཀྱི་འཕེལ་རྒྱས་གསར་པར་གཞིགས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། “འཆལ་རྡུང་ལོག་སེལ”གྱི་ཁྲིམས་སྒྱུར་གྱི་ཕན་ནུས་སྔར་བས་ཆེ་རུ་གཏོང་དགོས། “འཆལ་རྡུང་ལོག་སེལ”གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་དགོས།