གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་21ཉིན། 09:21】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་19ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། 《བོད་རང་སྐྱོང་ལྗོངས་ཀྱི་ས་ཡོམ་འཕྲལ་སྡོམ་སྔོན་ཇུས》ནང་གི་འཕྲལ་སྡོམ་མཚམས་འཇོག་པའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུས་2025ལོའི་ཟླ་1ཚེས་19ཉིན་གྱི་ཆུ་ཚོད་00∶00ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་ས་ཡོམ་གྱི་འཕྲལ་སྡོམ་རིམ་པ་དང་པོ་དང་ལེན་བྱེད་མཚམས་བཞག་ནས་ལས་དོན་ཁག་བཀོད་སྒྲིག་རོགས་སྐྱོབ་དང་སླར་གསོ་བསྐྱར་སྐྲུན་དུ་བསྒྱུར་རྒྱུའི་གཏན་འབེབས་བྱས་ཡོད།
2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པས། བོད་རང་སྐྱོང་ལྗོངས་ཀྱི་འཕྲལ་སྡོམ་བཀོད་འདོམས་པུས་ས་ཡོམ་གྱི་གནས་ཚུལ་དང་གནོད་འཚེའི་གནས་ཚུལ་ལ་གཞིགས་ནས། བོད་རང་སྐྱོང་ལྗོངས་ཀྱི་ས་ཡོམ་གྱི་འཕྲལ་སྡོམ་རིམ་པ་དང་པོ་དང་ལེན་བྱེད་འགོ་བཙུགས་ཏེ་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་གྱི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་ཡོད།
ས་ཡོམ་བརྒྱབ་ཚུན། ཕྱོགས་ཁག་གིས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད་གེགས་ཁུལ་གྱི་སྒྲིག་ལམ་ཁག་རིམ་བཞིན་རྒྱུན་གཏན་ལྟར་སླར་གསོ་བྱུང་ཡོད། གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱ་ཆེད། བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་སྟབས་བདེའི་ཁང་པ་གྲབས་གསོག་དང་། གཏོང་འདྲེན། སྒྲིག་སྦྱོར་བཅས་ཀྱི་ལས་དོན་མགྱོགས་མྱུར་སྤེལ་ཞིང་། ཟླ་1ཚེས་16ཉིན་བར། སྟབས་བདེའི་ཁང་པ་ཁྱོན་13000གྲབས་གསོག་བྱས་པར་ཁང་པ་6135གེགས་ཁུལ་དུ་འབྱོར་བའི་ནང་ཁང་པ་5152བསྒྲིགས་ཟིན་པ་དང་། དེ་བྱིངས་ཀྱི་སྟབས་བདེའི་ཁང་པ་གཅིག་རྗེས་གཉིས་མཐུད་ངང་གེགས་ཁུལ་དུ་དབོར་བཞིན་ཡོད། གེགས་ཁུལ་དུ་དངོས་ཟོག་འདང་ངེས་ཡོད་ཅིང་། འབྲས་དང་། གྲོ་ཞིབ། སྣུམ། སྔོ་ཚལ། ཚགས་ཤ ལུག་ཤ རྩམ་པ། མར་སོགས་གེགས་ཁུལ་མང་ཚོགས་ཀྱི་བཟའ་བཅའི་དགོས་མཁོ་ཕྱོགས་ཡོངས་ནས་བསྐངས་པ། སྲིད་གཞུང་གིས་སྟོབས་ཤུགས་སྣ་ཚོགས་སྒྲིག་འཛུགས་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཁ་ལག་ཚ་པོ་དང་ཆུ་ཁོལ་གཅིག་སྡུད་ཐོག་མཁོ་འདོན་བྱས་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་གེགས་ཁུལ་གྱི་བདེ་འཇགས་ཉེན་ཁའི་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་གྲལ་བཤེར་བྱས་ཏེ། ཆེད་ལས་ཚོགས་པ་སྒྲིག་འཛུགས་བྱས་ནས་གེགས་ཁུལ་གྱི་གྲོང་གསེབ་ཀྱི་སྡོད་ཁང་དང་སྤྱི་པའི་སྐྲུན་དངོས་ལ་གྲལ་བཤེར་དང་གསལ་འབྱེད་བྱས་ཡོད་པ་རེད།