འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་21ཉིན།

ཀུའེ་ཀྲོའུ་ལིའུ་ཕན་ཧྲུའེ་གྲོང་ཁྱེར་དུ།

༄༅།།གངས་འཁྱགས་ལུས་རྩལ་དེ་རིག་གནས་ལུས་རྩལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ སྒུལ་ཤུགས་གསར་པར་གྱུར་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་21ཉིན། 09:19】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་ཀུའེ་དབྱང་ནས་ཟླ་1ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀུའེ་ཀྲོའུ་ཞིང་ཆེན་ལིའུ་ཕན་ཧྲུའེ་གྲོང་ཁྱེར་དུ་གངས་འཁྱགས་ལུས་རྩལ་སྐོར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད། ལྷབ་ལྷུབ་ཏུ་འབབ་པའི་ཁ་བའི་འདབ་མས“ཀྲུང་གོའི་བསིལ་གྲོང”ཞེས་གྲགས་པའི་གྲོང་ཁྱེར་འདིར་མཛེས་རྒྱན་སྤྲས། ཉེ་བའི་ལོ་ཤས་རིང་། ལིའུ་ཕན་ཧྲུའེ་གྲོང་ཁྱེར་གྱིས་ཐུན་མོང་མ་ཡིན་པའི་རི་ཁུལ་གྱི་རང་བྱུང་ཆ་རྐྱེན་ལ་བརྟེན་ནས་གངས་འཁྱགས་ཐོན་ཁུངས་དེ་རིག་གནས་ལུས་རྩལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་སྒུལ་ཤུགས་གསར་པ་ཞིག་ཏུ་བསྒྱུར་ཏེ། ས་གནས་ཁག་གི་ཡུལ་སྐོར་བ་དེ་གར་གངས་འཁྱགས་ལུས་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བར་ཡོང་རྒྱུའི་ཡིད་དབང་འགུག་གི་ཡོད་པ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། ཀུའེ་ཀྲོའུ་ཞིང་ཆེན་གྱི་རི་མཐོའི་གངས་ཤུད་ར་བ་ཐོག་མ་ཡིན་པའི་ཡུས་ཧྲེ་གངས་རིའི་གངས་ཤུད་ར་བ་དེ་2013ལོའི་ཟླ་12པར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་ཚུན། གངས་ཤུད་ལ་དགའ་པོ་བྱེད་མཁན་མང་པོའི་ཡིད་དབང་བཀུག་ཡོད། མིག་སྔར་གངས་ཤུད་ར་བ་དེར་དམའ་རིམ་དང་། འབྲིང་རིམ། མཐོ་རིམ་བཅས་ཀྱི་གངས་ཤུད་ལམ་བུ་རེ་རེ་ཡོད་པས་མི་3000གིས་དུས་མཉམ་དུ་གངས་ཤུད་གློད་ཐུབ་ཀྱི་ཡོད་པ་རེད།

    གངས་ཤུད་ར་བའི་ཚོམས་ཆེན་ནང་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་བ་ཡོད་པ་མ་ཟད། ད་དུང་ཧའེ་ནན་དང་། སི་ཁྲོན། ཀོང་ཏུང་སོགས་ནས་ཡོང་བའི་ཡུལ་སྐོར་བ་མང་པོས་གངས་ཤུད་གྱོན་ཆས་དང་གངས་ཤུད་པང་ལེབ་བོགས་མར་ལེན་བཞིན་ཡོད་པ་དང་། ཁྱིམ་བདག་མི་ཉུང་བ་ཞིག་གིས་གངས་ཤུད་གྱོན་ཆས་སོགས་ཡག་པོ་གྱོན་རྗེས་ཕྲུ་གུ་ཁྲིད་ནས་གངས་ཤུད་ར་བའི་ནང་འཛུལ་གྱི་འདུག

    ཡུས་ཧྲེ་གངས་རིའི་གངས་ཤུད་ར་བའི་དམའ་རིམ་གངས་ཤུད་ལམ་བུའི་ཐོག་ལོ་22ལ་སླེབས་པའི་གངས་ཤུད་རྩལ་ཁྲིད་རུ་ཁག་གི་རུ་དཔོན་ལི་ཀྲེང་དབྱང་གིས། གངས་ཤུད་སྦྱོང་མཁན་ཕྲུ་གུ་ཞིག་ལ་གངས་ཤུད་ཀྱི་དོ་སྣང་བྱེད་དགོས་པའི་དོན་ཚན་དང་རྨང་གཞིའི་སློབ་ཚན་ཁྲིད་བཞིན་འདུག ཆུ་ཚོད་ཕྱེད་ཀ་ཡང་མ་འགོར་བར། ཁོང་གི་མཛུབ་ཁྲིད་འོག་ཕྲུ་གུ་དེ་དངངས་སྐྲག་དང་བཅས་རིམ་བཞིན་གངས་ཤུད་གློད་ནས་སྤྲོ་སྣང་ལོངས་སུ་སྤྱད་ཡོད།

    ཀུའེ་ཀྲོའུ་ཡེ་ཡུས་ཧའེ་ཡུལ་སྐོར་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ཁའེ་ཡིས“ཉེ་བའི་ལོ་ཤས་རིང་། གངས་འཁྱགས་ལུས་རྩལ་འདི་དེ་སྔའི་རྩེད་མཁན་ཉུང་བའི་རྩལ་འགྲན་ལུས་རྩལ་ནས་རིམ་བཞིན་མི་རྣམས་རྒྱ་ཁྱབ་ངང་ཞུགས་པའི་སྤྱི་དམངས་ཀྱི་ལུས་རྩལ་ཞིག་ཏུ་གྱུར་པས། གངས་ཤུད་ནི་ལུས་རྩལ་ཙམ་མ་ཡིན་པར་སྤྲོ་གསེང་རོལ་རྩེད་ཀྱི་རྣམ་གྲངས་ཤིག་ཏུ་གྱུར་ཡོད། གངས་ཤུད་ལ་དགའ་པོ་བྱེད་མཁན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2024ལོའི་གངས་ཤུད་དུས་ཚིགས་སྐབས། ཡུས་ཧྲེ་གངས་རིའི་གངས་ཤུད་ར་བས་ཡུལ་སྐོར་བ་7000ལྷག་ཙམ་ལ་སྣེ་ལེན་ཞུས་ཤིང་། དྲ་ཐོག་ནས་སྔོན་འཚོང་བྱེད་ཚད་སྒོར་ཁྲི་650ལྷག་ཙམ་དང་གངས་ཤུད་དུས་ཚིགས་ཀྱི་འབྲེལ་ཡོད་ལས་རྣམ་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་180ཟིན་ཡོད”ཅེས་བཤད་པ་རེད།