གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་19ཉིན། 11:44】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་16ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གཞིས་རྩེ་དིང་རིའི་ས་ཡོམ་རིམ་པ་6.8ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་དིང་རིའི་ས་ཡོམ་གེགས་ཁུལ་གནས་སྐབས་བཀོད་སྒྲིག་ནས་ཕྱོགས་ཡོངས་ནས་བར་བརྒལ་བཀོད་སྒྲིག་ལ་སྒྱུར་བཞིན་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་གཞུང་དོན་ཁང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་གུར་དང་མལ་གདན་སོགས་གེགས་སེལ་དངོས་ཟོག་སྣ་ཚོགས་འཕྲལ་དུ་གཏོང་འདྲེན་བྱས་ཏེ་ལྕགས་ཐབ(གློག་ཐབ)9525སྒྲིག་སྦྱོར་བྱས་པ་དང་། གློག་གདན་དང་དྲོད་གཏོང་གློག་ཆས་ཁྲི་4ལྷག་ཙམ་སྤྲད་པ། འབུད་རྫས་ཏུན་759སྐྱེལ་འདྲེན་བྱས་པ། ཕོ་ཁེབས་དང་ཀམ་པ་ལི་ཁྲི་25.97ལྷག་ཙམ་དང་སྲིང་བལ་གྱོན་ཆས་ཁྲི་18ལྷག་ཙམ་སྤྲད་པ། གྲབས་གསོག་འབྲུ་སྣུམ་ཏུན་560བེད་སྤྱོད་བཅས་བྱས་པ་རེད། མིག་སྔའི་བར། སྟབས་བདེའི་ཁང་པ་ཁྲི་1.3གྲབས་གསོག་བྱས་པར་ཁང་པ་6135གེགས་ཁུལ་དུ་འབྱོར་བའི་ནང་ཁང་པ་5152བསྒྲིགས་ཟིན་པ་དང་། དེ་བྱིངས་ཀྱི་སྟབས་བདེའི་ཁང་པ་གཅིག་རྗེས་གཉིས་མཐུད་ངང་གེགས་ཁུལ་དུ་དབོར་བཞིན་ཡོད་པ་རེད།
འབྲེལ་ཡོད་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་གེགས་ཁུལ་གྱི་བདེ་འཇགས་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཤིང་། མིག་སྔའི་བར། བོད་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་སྡེ་ཚན་གྱིས་རྫོང་7གྱི་ཤང་དང་གྲོང་རྡལ་76གི་ས་གཤིས་གནོད་འཚེའི་འཕྲལ་སྡོམ་གྲལ་བཤེར་ལེགས་གྲུབ་ཟིན་པ་དང་། རིམ་རྩིས་བརྒྱབ་ན་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཁག་1851གྲལ་བཤེར་བྱས་པ་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སྡེ་ཚན་གྱིས་མི་སྣ་སྒྲིག་འཛུགས་བྱས་ནས་ཞིང་ཁུལ་གྱི་ཁང་པ་དང་སྤྱི་པའི་སྐྲུན་དངོས་30057ལ་གྲལ་བཤེར་གསལ་འབྱེད་བྱས་པ། མེ་ཟོན་སྡེ་ཚན་གྱིས་བཀོད་སྒྲིག་བྱ་ཡུལ་དུ་སྐོར་སྐྱོད་མེ་ཟོན་སྐོར་ཞིབ་ཐེངས་1418བྱས་པ་དང་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཁག་2206གྲལ་བཤེར་བྱས་པ། འགྲིམ་འགྲུལ་སྡེ་ཚན་གྱིས་ཟམ་པ་900དང་། ཕུག་ལམ་47 ཟམ་སྦུག་4468བཅས་ལ་གྲལ་བཤེར་བྱས་པ་དང་གཞུང་ལམ་སྤྱི་ལེ་5596ལ་སྐོར་ཞིབ་བྱས་པ་རེད།
ཆུ་བེད་སྡེ་ཚན་གྱིས་ཆུ་མཛོད(ཆུ་ཤུགས་གློག་ཁང)14ལ་གྲལ་བཤེར་བྱས་པར་ཆུ་མཛོད་5ལ་སེར་ག་གས་པ་སོགས་ཀྱི་གནད་དོན་ཡོད་པ་རེད། ཆུ་མཛོད་5ནས་3གྱི་ཆུ་གློད་དེ་སྟོང་པར་བཞག་པ་དང་། དིང་རི་རྫོང་མཚོ་སྒང་ཆུ་མཛོད་ཀྱི་ཆུ་རགས་ངོས་སུ་ཚགས་དམ་པའི་རྟོག་ཞིབ་ཡོ་ཆས་60སྒྲིག་སྦྱོར་བྱས་ནས་སྐབས་ཐོག་ལྟ་ཞིབ་ཚད་ལེན་བྱས་པ་མ་ཟད། ཆུ་ཡུར་བསྔོགས་ནས་ཆུ་བཤངས་པ་དང་། དིང་རི་རྫོང་གྲམ་མཚོ་ཤང་སླ་ང་ཆུ་མཛོད་ཀྱི་འཁྱིལ་མཚོའི་གཡས་ངོས་ཀྱི་ཆུ་རགས་འཁྱོག་པ་དང་ཆུ་གློད་སའི་ངོས་གཉིས་སུ་ཆུ་སིམ་པ་སོགས་ཀྱི་ཉེན་ཁ་ཡོད་པས་ཆུ་གློད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐབས་ལ་བརྟེན་ནས་རགས་ཤོར་བའི་ཉེན་ཁ་ཆུང་དུ་བཏང་བ་དང་དུས་མཚུངས་སུ་ཆུ་མཛོད་སྨད་རྒྱུད་ཀྱི་གྲོང་ཚོ་6གི་མི་1500ཙམ་ས་བབ་ཅུང་མཐོ་བ་དང་ཆུ་ལམ་དང་ཐག་རིང་བའི་ཉེན་གཡོལ་བྱ་ཡུལ་ཁག་9ལ་བཀོད་སྒྲིག་འོས་འཚམ་བྱས་པ་རེད།
ཞིབ་དཔྱད་རགས་ཙམ་བྱས་པ་བརྒྱུད། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་རིམ་རྩིས་བརྒྱབ་ན་དངུལ་སྨར་སྒོར་ཁྲི་46.41ལྷག་ཙམ་དང་། དངོས་རྫས་རྩ་ཆེན་1640 རྒྱུ་ནོར་གཞན་དག་29466བཅས་བཙལ་བ་དང་། སྤྱི་བདེ་སྡེ་ཚན་གྱིས་ཁྲི་3.46ལྷག་ཙམ་རི་བའི་རྒྱུ་ནོར་དང་དངུལ་སྨར་སྒོར་ཁྲི་225ལྷག་ཙམ་མྱུར་དུ་བཙལ་བ། མེ་ཟོན་སྡེ་ཚན་གྱིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཞིག་རོ་ཁག་750གཙང་སེལ་བྱེད་རོགས་བྱས་པ་དང་སྒོར་ཁྲི་6ལྷག་ཙམ་རི་བའི་རྒྱུ་ནོར་དང་དངུལ་སྨར་སྒོར་ཁྲི་324.1ལྷག་ཙམ་མྱུར་དུ་བཙལ་བ། ནགས་ཚལ་མེ་ཟོན་སྡེ་ཚན་གྱིས་ཀྲུང་གོ་ཞིང་ལས་དངུལ་ཁང་དིང་རི་རྫོང་མཚོ་སྒང་ལས་གཉེར་ཁང་ལ་དངུལ་སྨར་སྒོར་ཁྲི་100ལྷག་ཙམ་དང་། གཞུང་ལས་སྒྲིག་བཀོད་དང་ཡིག་ཆ་གལ་ཆེན་300ལྷག་ཙམ་མྱུར་སྐྱོབ་བྱས་པ། རིག་དངོས་རྩ་ཆེན་13གནས་སྤོ་བྱེད་རོགས་བཅས་བྱས་ཡོད།