འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་18ཉིན།

༄༅།།སེམས་མཐུན་དབུགས་རྡིག་ནང་བྲོ་ཞིམ་ཁ་ལག་སྣ་ཚོགས་བཟོས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་17ཉིན། 13:51】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་གྱི་གསར་འགོད་པ། ཡོན་ཆོན།

བོད་ལྗོངས་གཞིས་རྩེའི་དིང་རི་རྫོང་མཚོ་སྒང་ཤང་གཞལ་བྲོད་གྲོང་ཚོའི་ཏང་ཡོན་མང་ཚོགས་ཞབས་ཞུའི་ལྟེ་གནས་མདུན་གྱི་ཐང་ཆེན་ཆུང་ཆུང་དུ“སེམས་མཐུན་དབུགས་རྡིག”ཅིག་ཡོད་ཅིང་། རྒྱ་རིགས་དང་། ཧུད་རིགས། ཡུ་གུར་རིགས། ཏུང་ཞང་རིགས། ཁོར་ཁེ་ཙི་རིགས་བཅས་མི་རིགས་ལྔ་ཡི་སྤུན་ཟླ་གཅེན་གཅུང་ཚོས“སེམས་མཐུན་དབུགས་རྡིག”ནང་ས་ཡོམ་གྱི་གནོད་འཚེ་ཕོག་པའི་སྤུན་ཟླར་བྲོ་ཞིམ་ཁ་ལག་བཟོས་ཡོད།

ཨ་མན་ཐུའུ་ཨེར·ཨའེ་ཧྲ་ནི་རྐང་ཐང་མར་བསྐྱོད་རྒྱུར་དགའ་པོ་ཡོད་མཁན་ཞིག་རེད། ཁོང་ཧེ་ལུང་ཅང་གི་མོ་ཧོ་ནས་ལྷ་སར་ཡུལ་སྐོར་དུ་ཡོང་སྐབས་ལྷ་སར་གྲོགས་པོ་འགའ་ཞིག་དང་འཕྲད་པ་སྟེ། དེ་དག་ནི་ཧུད་རིགས་ཀྱི་གྲོགས་པོ་མཱ་ནའེ་དང་། ཏུང་ཞང་རིགས་ཀྱི་གྲོགས་པོ་མཱ་ཞའོ་ཅུན། ཡུ་གུར་རིགས་ཀྱི་གྲོགས་པོ་ཨ་པུའུ་ཏུའུ·ཨ་པུའུ་ལི་ཙི·ཨ་ཧའེ་མའེ་ཐི་བཅས་རེད། གལ་ཏེ་ས་ཡོམ་དེ་བརྒྱབ་མེད་ན་ཁོང་ཚོ་བོད་དུ་ཚོང་གཉེར་དང་། ཡུལ་སྐོར། ཁོར་ཡུག་སྲུང་སྐྱོང་གི་དང་བླངས་པ་བཅས་ཀྱི་ལས་ཀར་བྲེལ་ནས་སྡོད་སྲིད།

“ས་ཡོམ་གྱི་གནས་ཚུལ་ཐོས་རྗེས་ང་ཚོས་འཕྲལ་མར་ལྷ་སར་བག་སྒོར་བཟོས་པ་མ་ཟད། ད་དུང་ཁ་ལག་འབྲས་རྔོས་བཟོ་ཤེས་པའི་མ་བྱན་འགའ་ཞིག་དང་ཁ་ཆད་བྱས་ནས་གེགས་ཁུལ་དུ་བསྐྱོད་པ་ཡིན” མཱ་ནའེ་ཡིས་ཨན་བན་སྟེང་གུང་ལ་ཕུག་གཏུབ་བཞིན་དུ་གསར་འགོད་པར“ང་ཚོས་དབུགས་རྡིག་ཆེན་པོ་ཞིག་གྲ་སྒྲིག་བྱས་ཡོད་པས། ཁ་ལག་བཟོ་ཐེངས་གཅིག་ལ་མི་50ཙམ་གྱི་ཁ་ལག་འདང་གི་འདུག ཞོགས་པའི་ཆུ་ཚོད་8པ་ནས་དགོང་མོའི་ཆུ་ཚོད་10པ་བར་ཁ་ལག་བཟོས་ན་ཉིན་གཅིག་ལ་འབྲས་རྔོས་དབུགས་རྡིག་15ནས་20བར་བཟོ་ཐུབ་པ་དང་། མང་ཤོས་ལ་མི་1000གི་ཁ་ལག་འདང་གི་འདུག”ཅེས་བཤད།

“ས་བབ་མཐོ་ཚད་སྨི་4000ཡོད་པའི་ཧྥ་སྨིར་ས་མཐོ་ནས་ས་བབ་མཐོ་ཚད་སྨི་4200ལྷག་ཙམ་ཡོད་པའི་དིང་རིར་སླེབས་དུས་ངའི་གཟུགས་པོ་མི་བདེ་བ་གང་ཡང་མ་བྱུང་། གནོད་འཚེ་ཕོག་པའི་ས་ཁུལ་གྱི་སྤུན་ཟླ་རྣམས་ལ་བྱ་བ་མང་ཙམ་སྒྲུབ་ཐུབ་ཀྱི་འདུག”ཅེས་ཨ་མན་ཐུའུ་ཨེར་གྱིས་རླངས་འཁོར་ནས་གཏེར་ཆུ་དང་ཚལ་འབེབས་བཞིན་དུ་གསར་འགོད་པར་བཤད་བྱུང་།

“གེགས་སེལ་བྱེད་སྐབས་མང་ཚོགས་ཀྱི་བཟའ་བཏུང་གནད་དོན་ཐག་གཅོད་བྱེད་དགོས། རོགས་སྐྱོབ་མི་སྣ་དང་ས་གནས་ཁག་ནས་ཡོང་བའི་དང་བླངས་པ་ཚང་མས་བཟའ་བཏུང་ཞབས་འདེགས་ཞུ་བཞིན་ཡོད་པས་ང་ཚོས་ཀྱང་སྟོབས་ཤུགས་ལེགས་སྐྱེས་འབུལ་འདོད་ཡོད” ཨ་པུའུ་ཏུའུ·ཨ་པུའུ་ལི་ཙི·ཨ་ཧའེ་མའེ་ཐི་ཡིས་ལྷ་སར་ཚོང་རྒྱག་བཞིན་ཡོད་པ་དང་། “ད་ཐེངས་ཆེད་མངགས་ལུག་ཤ་ཁོག་50དང་། ལ་ཕུག་རྒྱ་མ་500 འབྲས་དོ་པོ་20 བཟའ་སྣུམ་འགྱིག་དམ་10བཅས་གྲ་སྒྲིག་བྱས་ནས་འཁྱེར་ཡོད”ཅེས་བཤད།

“ང་ལྷ་སར་ཚོང་བརྒྱབ་ནས་ལོ་14ཙམ་ཕྱིན་སོང་། ཐོག་མར་ལས་གཏོད་བྱེད་སྐབས་ཉེ་འཁོར་གྱི་བོད་རིགས་དང་རྒྱ་རིགས་སོགས་སྤུན་ཟླ་གཅེན་གཅུང་མང་པོས་ངར་རོགས་རམ་བྱས་པས་ཚོང་ཆུང་ཆུང་ནས་ཆེན་པོ་རྒྱག་ཐུབ་བྱུང་། ད་ལྟ་དིང་རིར་དཀའ་ངལ་འཕྲད་དུས་ངས་ཚང་མར་དྲིན་ལན་འཇལ་བའི་དུས་ལ་བབས་ཡོད”ཅེས་ཨ་པུའུ་ཏུའུ·ཨ་པུའུ་ལི་ཙི·ཨ་ཧའེ་མའེ་ཐི་ཡིས་ལུག་ཤ་དབུགས་རྡིག་ནང་བླུག་བཞིན་དུ་བཤད།

དང་བླངས་པ་རྣམ་པས་མཉམ་དུ་རོགས་པ་བྱེད་པར་ཡོང་སྟེ། འབྲས་བཀྲུ་བ་དང་། འབྲས་སྦང་བ། ཆུ་སྣོན་པ་སོགས་ཁ་ལག་བཟོ་བའི་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཤིང་། ཕྲུ་གུ་ཚོས་ཡ་མཚན་ཆེན་པོས་དེར་ལྟ་རུབ་བརྒྱབ་ནས་བསྡད་འདུག

ཕ་གིའི་དབུགས་རྡིག་ནང་གི་ཟས་ཀྱི་དྲི་ཞིམ་ལྷང་ལྷང་དུ་འཐུལ་བ་དང་། མ་གིར་ད་དུང་གཅེས་སེམས་མི་སྣས་རིན་མི་དགོས་པར་ཐབ་ཆས་སྐྱེལ་བཞིན་འདུག

བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིའི་ཅིང་ལི་ཀྲུའུ་ལུའུ་ཅུན་གྱིས་ཆེད་མངགས་དབུགས་རྡིག་ཁག་གཅིག་མཚོ་སྒང་ཤང་དང་མཐའ་འཁོར་ས་ཁུལ་གྱི་གུར་ནང་བསྐྱལ། ཤོག་སྒམ་ཁ་ཕྱེ་ནས་དབུགས་རྡིག་གསར་རྐྱང་ཞིག་བླངས་རྗེས། ཀྲུའུ་ལུའུ་ཅུན་གྱིས། “ས་བབ་མཐོ་བའི་ས་ཁུལ་གྱི་རླུང་གནོན་དམའ་བས། ཆུ་ཧྲེ་ཧྲི་ཏུའུ་70ནས་80བར་ལས་འཁོལ་ཐུབ་ཀྱི་མེད། དེ་ནི་ས་མཐོར་ཆེད་མངགས་ཇུས་འགོད་བྱས་ནས་བཟོས་པའི་དབུགས་རྡིག་ཡིན་པས། ཟས་རིགས་དེ་བས་མགྱོགས་པར་བཙོ་ཐུབ་ཀྱི་ཡོད”ཅེས་བཤད།

ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། གེགས་ཁུལ་གྱི་འཐབ་ས་དང་པོར“སེམས་མཐུན་དབུགས་རྡིག”རེ་རེས་གནོད་འཚེ་ཕོག་པའི་མང་ཚོགས་ལ་བྲོ་བ་ཞིམ་ལ་ཚ་སོབ་སོབ་ཀྱི་ཁ་ལག་བཟོ་བཞིན་ཡོད།

(རིག་རྡོར་གྱིས་བསྒྱུར། ལྷག་ཚེས་ཞུས)