འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་13ཉིན།

༄༅།།སློབ་གཙོ་གཞོན་པ་འདི་ལོ་12ལ་བཙོན་འཇུག་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་13ཉིན། 15:38】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 2025ལོའི་ཟླ་དང་པོའི་ཚེས་10ཉིན། ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་སློབ་གཙོ་གཞོན་པ་ཀྲང་ཀོང་གིས་ལྐོག་རྔན་བླངས་པའི་གྱོད་དོན་ལ་འདྲི་གཅོད་ཡོངས་བསྒྲགས་བྱས་ཏེ། ཞུ་སྦྱོར་ཕྱི་མ་ཀྲང་ཀོང་ལ་ལྐོག་རྔན་བླངས་པའི་བྱས་ཉེས་ཐོག་ནས་ལོ་12ལ་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་མ་ཟད། དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་ཉིས་བརྒྱ་བཅད་པ་དང་། ལྐོག་རྔན་བླངས་ནས་ཐོབ་པའི་རྒྱུ་ནོར་དང་སྐྱེད་ཀ་ཁྲིམས་ལྟར་བདའ་འདེད་བྱས་ཏེ་རྒྱལ་མཛོད་དུ་སྤྲོད་དགོས།

ཞིབ་གཅོད་བྱས་པ་བརྒྱུད། 2008ལོ་ནས་2022ལོའི་བར། ཞུ་སྦྱོར་ཕྱི་མ་བ་པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན་གྱི་གཞོན་ཚོགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། རྒྱུན་མཐུད་སློབ་གསོ་སློབ་གླིང་གི་ཡོན་ཀྲང་། སློབ་གཙོའི་ལས་རོགས་ཀྱི་འགན་འཁུར་བ་དང་། པེ་ཅིང་བྱང་ཕྱོགས་མཁའ་འགྲུལ་རྒྱུ་ནོར་གཉེར་སྐྱོང་ཚད་ཡོད་ཀུང་སིའི་ཏང་ཨུའི་ཨུ་ཡོན་དང་། ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན། སྤྱི་ཁྱབ་ཅིང་ལི། པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་སློབ་གཙོ་གཞོན་པ་སོགས་ཀྱི་ལས་གནས་འགན་འཁུར་བའི་སྟབས་བདེ་དང་། དེ་བཞིན་འགན་དབང་དང་གོ་གནས་ལས་གྲུབ་པའི་སྟབས་བདེའི་ཆ་རྐྱེན་སྤྱད་དེ་མི་གཞན་ལ་ཁེ་ལས་གཉེར་སྐྱོང་དང་། སློབ་བསྡུ་དང་སློབ་ཞུགས། ལས་ཞུགས་སོགས་ཀྱི་ཐད་རོགས་རམ་བྱས་ཏེ། ཐད་ཀར་རམ་མི་གཞན་བརྒྱུད་ནས་ཁྲིམས་འགལ་ངང་རྒྱུ་ནོར་བསྡུས་པ་ཚང་མ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་2120ལྷག་ཙམ་བླངས་ཡོད་པ་རེད།

ནན་ཁྲང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ཞུ་སྦྱོར་ཕྱི་མ་ཀྲང་ཀོང་གི་བྱ་སྤྱོད་དེ་ལྐོག་རྔན་བླངས་པའི་བྱས་ཉེས་སུ་གྲུབ་པ་དང་གྲངས་འབོར་ཧ་ཅང་ཆེན་པོ་ཡིན་པས་ཁྲིམས་ལྟར་ཆད་པ་གཅོད་དགོས། ཁོ་གྱོད་དོན་ལ་སླེབས་རྗེས་བྱས་ཉེས་དྲང་བདེན་ངང་ངོས་ལེན་བྱས་པ་དང་། གྱོད་དོན་སྒྲུབ་པའི་ལས་ཁུངས་ཀྱིས་ད་དུང་ཁོང་དུ་ཆུད་མེད་པའི་ལྐོག་རྔན་བླངས་པའི་དོན་དངོས་ཁག་ཅིག་རང་འགུལ་ངང་ཡར་ཞུ་བྱས་པ་དང་། བྱས་ཉེས་ངོས་ལེན་བྱས་ནས་བརྐུས་དངོས་ཕྱིར་སློག་ཧུར་ཐག་བྱས་ཏེ། ལྐོག་རྔན་བླངས་ནས་ཐོབ་པའི་རྒྱུ་ནོར་དང་སྐྱེད་ཀ་ཚང་མ་ཕྱིར་སློག་བྱས་ཡོད་པས། ཁྲིམས་ལྟར་ཉེས་ཆད་ཡང་མོ་བཅད་ཆོག ཁྲིམས་ཁང་གིས་གོང་གསལ་གྱི་དཔྱད་མཚམས་བཏང་བ་རེད།