འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་11ཉིན།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་11ཉིན། 17:38】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའི་ལས་དོན་སྙན་སེང་ཉན་པ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ལས་དོན་སྙན་ཞུ་ཉན་པ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ་1ཚེས་9ཉིན་ཚོགས་འདུ་ཉིན་གང་འཚོགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའི་ལས་དོན་སྙན་སེང་ཉན་པ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ལས་དོན་སྙན་ཞུ་ཉན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་ནི་ང་ཚོའི་ཆབ་སྲིད་ཀྱི་ལེགས་ཆ་ཆེ་ཤོས་ཡིན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་ནི་ང་ཚོར་རྒྱུན་ཆད་མེད་པར་རྒྱལ་ཁ་ཐོབ་པའི་རྩ་བ་ཡིན། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའི་ལས་དོན་སྙན་སེང་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ལས་དོན་སྙན་ཞུ་ཉན་པ་ནི་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པའི་ལམ་ལུགས་བཀོད་སྒྲིག་གལ་ཆེན་ཞིག་རེད། ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་འདི་ཏང་གིས་ཕྱོགས་ཡོངས་ལ་སྤྱི་འདོམས་བྱེད་པ་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་ལྟེ་བའི་ནུས་པ་གང་ལེགས་འདོན་པ་དང་། ཏང་གི་འགོ་ཁྲིད་དེ་ཉིད་ཏང་དང་རྒྱལ་ཁབ་བྱ་གཞག་གི་ཁྱབ་ཁོངས་ཁག་དང་། ཕྱོགས་ཁག ལྷུ་ཚིགས་ཁག་བཅས་ལ་དོན་འཁྱོལ། དམིགས་ཚད་གཅིག་གྱུར་དང་། གོམ་སྟབས་གཅིག་གྱུར། མཉམ་ཤུགས་ཆགས་པའི་འགན་ལེན་བཅས་ཀྱི་ངོས་ནས་བརྗོད་ན་ཧ་ཅང་དགོས་ངེས་ཤིག་ཡིན་ལ་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པ་ཞིག་ཡིན་པ་ལག་ལེན་ལས་ར་སྤྲོད་བྱས་ཡོད།

ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདས་ཟིན་པའི་ལོ་གཅིག་ནང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ། དངོས་སྒྲུབ་སྔོན་དུ་བྱེད་པའི་སྟོན་ཕྱོགས་བརྟན་པོ་འཛུགས་པ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ། ཏང་ཙུའུ་ཡི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ལག་བསྟར་ནན་པོ་བྱེད་པ། ཕྱོགས་ཁག་གི་ལས་དོན་ལ་འཕེལ་རིམ་གསར་པ་ཡོང་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད།

ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདས་ཟིན་པའི་ལོ་གཅིག་ནང་། ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་འགན་འཁྲི་གཙང་སྒྲུབ་དང་བྱས་རྗེས་ཧུར་ཐག་བཞག་སྟེ་ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ཚོགས་པའི་རྩ་འཛུགས་འཛུགས་སྐྱོང་དང་སྒྱུར་བཅོས་ལ་མཛུབ་ཁྲིད་བྱེད་པ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད་པ་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་རེད་ལ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་གལ་ཆེའི་ལོ་ཞིག་ཀྱང་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི” བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཏང་ཀྲུང་དབྱང་གིས་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པའི་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་མཐའ་འཁྱོངས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། ལས་སྒྲུབ་གཙོར་བཟུང་མཐའ་འཁྱོངས། འབད་བརྩོན་ཆེར་སྐྱེད་དང་འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་ཐུབ་པར་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལོ་གསར་པའི་ནང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་བླང་བྱར་དམིགས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་ངོས་ཀྱི་འགན་འཁྲིར་གཞི་ཚུགས་པ་དང་། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་བཏང་ནས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་། མང་ཚོགས་ཚོགས་པའི་རྩ་འཛུགས་འཛུགས་སྐྱོང་དང་སྒྱུར་བཅོས། ཕྱི་ཚུལ་རིང་ལུགས་ལ་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་སོགས་གཙོ་གནད་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ནན་པོ་བརྒྱབ་ནས། ཏང་ཀྲུང་དབྱང་གིས་རྩིས་སྤྲད་པའི་ལས་འགན་ཁག་སྤུས་ཚད་མཐོན་པོས་ལེགས་སྒྲུབ་བྱེད་དགོས།

(བསོད་བདེ་གཞོན་པས་བསྒྱུར། རིག་རྡོར་གྱིས་ཞུས)