(2025ལོའི་ཟླ་1ཚེས་8ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བ)
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་10ཉིན། 10:57】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་2025ལོའི་ཟླ་1ཚེས་6ཉིན་ནས་ཚེས་8ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་131དང་། ཟུར་ཞུགས་མི་སྣ་247ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་དང་། ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོགས་འདུར་ཞུགས་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་དེ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་ཞིང་། ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། 2024ལོའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཕྱོགས་སྡོམ། 2025ལོའི་ལས་འགན་བཀོད་སྒྲིག་བཅས་བྱས་པ་མ་ཟད། བློ་མཐུན་ལི་ཞི་ཡིས་ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་གནང་བའི《ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གྲུབ་འབྲས་གསར་པར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་བྱེད་དགོས》ཞེས་པའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཤིང་། ཚང་མས། གསུང་བཤད་ནང་འདས་ཟིན་པའི་ལོ་གཅིག་རིང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐོབ་པའི་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་བ་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་དང་། ལོ་རྒྱུས་ཀྱི་གཟིགས་རྒྱང་རིང་པོས་རུལ་རྒོལ་འཐབ་རྩོད་ཀྱི་གཞི་རྩའི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ་དང་མིག་སྔའི་རུལ་རྒོལ་འཐབ་རྩོད་ཀྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་བ། དར་ཆ་གསལ་སྟོན་གྱིས་ནོར་འཁྲུལ་གྱི་ངོས་འཛིན་ཡོ་བསྲང་དང་བསམ་བློའི་གོ་འཛོལ་གསལ་པོ་བཟོས་ནས། རུལ་རྒོལ་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་། རྒྱུན་མཐུད་དམག་འཐབ། སྤྱི་ཡོངས་ཀྱི་དམག་འཐབ་བཅས་མཐའ་གཅིག་ཏུ་ཡག་པོ་རྒྱག་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གྲུབ་འབྲས་གསར་པར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་བྱེད་པའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་བ། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ལ་རེ་བ་ནན་པོ་བཏོན་གནང་ཡོད། གསུང་བཤད་དེ་གཟིགས་རྒྱང་རིང་བ་དང་། དགོངས་པ་ཟབ་པ། གནད་དོན་ལ་ཐད་གཏུག བློ་མུན་སེལ་བ་བཅས་ཡོད་པ་དེར་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་རྒོལ་འཐབ་རྩོད་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད་ཅེས་ངོས་འཛིན་གཅིག་མཐུན་བྱུང་བ་དང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། གདེང་ཚོད་བརྟན་གཏོང་དང་། འཐབ་རྩོད་བྱེད་ཕོད་པ། ལྟ་སྐུལ་གྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་བ། བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། “རྒྱལ་ཁབ་ཀྱི་དོན་ཆེན”ལ་དམིགས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་སྤྱོད་བཟང་སྒྲིག་ནན་གྱིས་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་དང་བརྩོན་སེམས་ལ་བརྟེན་ནས་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རུལ་སུངས་བྱེད་མི་ཕོད་པ། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རུལ་སུངས་ཐོན་ས་དང་ཐོན་རྐྱེན་ནུས་ཤུགས་ཡོད་རྒུས་མེད་པར་བཟོ་དགོས། ཐོག་མཐའ་བར་གསུམ་དུ་གུས་སྐྲག་གི་བསམ་བློ་རྒྱུན་འཁྱོངས་བྱས་ནས་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། དངོས་གཞི་ཅན་བཅས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་བཅས་དངོས་འབྲེལ་བྱེད་ཀྱི་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། 2024ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེར་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་སེམས་ནུས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་གསར་པ་བརྟན་པོ་སྤོས་ཡོད། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་དང་། སྤྱོད་བཟང་སྒྲིག་ནན་ངང་རུལ་རྒོལ་ལ་རྒྱུན་མཐུད་ཤུགས་སྣོན་གཏིང་ཟབ་རྒྱག་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ། བརྗོད་དོན་གཙོ་བོའི་སློབ་གསོ་དང་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ལོ་ཧྲིལ་པོར་ཁྱབ་པའི་བརྗོད་དོན་གཙོ་བོའི་གཙོ་རྐང་དུ་བརྩིས་ནས། ཁོངས་གཏོགས་ཡོངས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཟབ་སྦྱོང་མཐིལ་རྟོགས་བྱེད་པར་སྐུལ་ཁྲིད་བྱས་ཏེ། སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་བརྟན་དུ་བཏང་ཡོད། ཆབ་སྲིད་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་གཏན་ཅན་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གལ་ཆེན་ལ་དམིགས་ཏེ་ཆབ་སྲིད་ལྟ་སྐུལ་གཏིང་ཟབ་བྱས་ནས་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་མཛད་ཕྱོགས་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཡོད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཁྲོད“རུ་སྟར་གྲུ་བཞི་དང་པོར”ཡག་པོ་བསྐྱོད་དེ་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། “སྒྲིག་ཁྲིམས་ཁག་དྲུག”གི་དོན་ཚན་རེ་རེ་བཞིན་སློབ་སྦྱོང་དང་བགྲོ་གླེང་གཏིང་ཟབ་བྱེད་པར་དམ་པོར་དམིགས་པ། ཁོངས་གཏོགས་ཡོངས་ཀྱིས་སློབ་སྦྱོང་གཏིང་ཟབ་དང་། རྒྱུས་མངའ་ལོན་པ། བེད་སྤྱོད་མཁས་པ་བཅས་ཀྱི་སྣེ་ཁྲིད་བྱས་ཏེ། ཏང་ཡོངས་ཀྱིས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ལ་སྐུལ་འདེད་བཏང་ཡོད། སྐྱིད་འདོད་རིང་ལུགས་དང་རྒྱས་སྤྲོས་ཀྱི་སྤྱོད་ཚུལ་མུ་མཐུད་དུ་བཀག་འགོག་ནན་པོ་བྱེད་པ་དང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ཡོ་བསྲང་དང་བཅོས་སྒྲིག་ནན་པོ་བྱས་ཏེ། རྒྱུན་རྣམ་དང་ཡུན་རིང་བཅོས་སྐྱོང་ལ་བརྟེན་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་ཏན་ཏིག་ཡོང་བའི་འགན་ལེན་བྱས་ཡོད། རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་དངུལ་རྩ་དང་། གཞུང་ཁོངས་ཁེ་ལས། ནུས་རྒྱུ། རྡོ་ཐ། སྨན་རྫས། ལུས་རྩལ། རྨང་གཞིའི་འཛུགས་སྐྲུན་ལས་གྲྭ འོས་སྐུལ་འོས་དཔོད་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་སུ་རུལ་རྒོལ་བྱེད་རྒྱ་ཆེ་རུ་བཏང་ནས་སྲིད་གཞུང་དང་ཚོང་པ་ངན་འབྲེལ་བྱེད་པའི་རུལ་སུངས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་། རུལ་སུངས་གསར་པ་དང་མངོན་མེད་རུལ་སུངས་ལ་ཞིབ་བཤེར་གཏིང་ཟབ་བྱེད་པ། ལྐོག་རྔན་ལེན་པ་དང་ལྐོག་རྔན་སྤྲོད་པ་གཉིས་ཀར་ཞིབ་བཤེར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། གྱོད་དོན་ལ་བརྟེན་ནས་སྒྱུར་བཅོས་དང་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། རུལ་སུངས་ཐོན་ས་དང་ཐོན་རྐྱེན་ནུས་ལྡན་ངང་མེད་པར་བཟོས་ཡོད། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྐྱོང་བྱས་ཏེ། རྒྱུན་སྲོལ་ལས་བརྒལ་བའི་བྱེད་ཐབས་ཐོག་ནས“སྦྲང་གྲོག་རུལ་སུངས”ལ་ཆད་པ་བཅད་དེ་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཏང་གི་སྲིད་འཛིན་རྨང་གཞི་སྲ་བརྟན་དུ་བཏང་ཡོད། ཆབ་སྲིད་སྐོར་གཟིགས་གཏིང་ཟབ་ཏུ་བཏང་ནས། སྡེ་ཚན་དང་ཚན་པ་68ལ་རྒྱུན་སྲོལ་སྐོར་གཟིགས་བྱས་པ་དང་། དངུལ་རྩའི་ཁྱབ་ཁོངས་ལ་མཉམ་འགུལ་སྐོར་གཟིགས་དང་ས་ཁུལ་རིམ་པའི་གྲོང་ཁྱེར་ལ་རིམ་སྤོར་སྐོར་གཟིགས་ཐེངས་དང་པོ་བྱས་པ། སྐོར་གཟིགས་བྱེད་ཞོར་དུ་ཞིབ་བཤེར་བྱེད་པ་དང་འཕྲལ་སྒྲུབ་འཕྲལ་བཅོས་བཅས་བྱས་པས། སྐོར་གཟིགས་དང་སྐོར་ཞིབ་ཀྱི་ཕྱོགས་བསྡུས་ལྟ་སྐུལ་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གཞོགས་འདེགས་བྱས་ནས་ལྟ་ཞིབ་བཅའ་ཁྲིམས་བཟོ་བཅོས་ལས་དོན་ལེགས་པར་སྒྲུབ་པ། གྲངས་འཛིན་སྒྲིག་བཤེར་ལྟ་ཞིབ་མ་ལག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལམ་ལུགས་ཀྱི་ལེགས་ཆ་དེ་སྤྱོད་བཟང་སྒྲིག་ནན་ངང་རུལ་རྒོལ་གྱི་ལས་ཕྱོད་དུ་སྒྱུར་བར་སྐུལ་འདེད་བཏང་ཡོད། གྲུབ་འབྲས་ལ་ཁས་ལེན་བྱེད་པ་དང་ཆབས་ཅིག་སྒྲིག་བཤེར་ལྟ་ཞིབ་ལས་དོན་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཐད་ལྷགས་པའི་གནད་དོན་ལ་དངོས་ཐོག་བདེན་འཚོལ་གྱིས་དབྱེ་ཞིབ་བྱས་ཏེ་ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ཏན་ཏིག་བྱ་རྒྱུའི་བླང་བྱ་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་རུལ་རྒོལ་འཐབ་རྩོད་ལ་བླང་བྱ་གསར་པ་སྔར་བས་མཐོ་བ་བཏོན་ཡོད། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་བབ་ལ་བརྡར་ཤ་ཡང་དག་གཅོད་པ་དང་ལས་འགན་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་པའི་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ་དུས་རབས་གསར་པའི་རུལ་རྒོལ་འཐབ་རྩོད་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་རུལ་རྒོལ་གྱི་འགག་སྒྲོལ་དམག་འཐབ་འདིར་རྒྱལ་ཁ་ཐོབ་པའི་གདེང་ཚོད་བརྟན་དུ་གཏོང་དགོས། མིག་སྔའི་རུལ་རྒོལ་གྱི་འཐབ་རྩོད་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བའི་དུས་བབ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་རུལ་རྒོལ་གྱི་ཡུན་རིང་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་བློ་རྩ་བརྟན་དུ་གཏོང་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་མཛད་ཕྱོགས་དང་མཛད་ཇུས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་རུལ་རྒོལ་གྱི་སྤྱི་ཡོངས་ཀྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་བརྟན་དུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་འགྲིལ་ལོ་ཞིག་རེད། ད་ལོའི་ལས་དོན་ཡག་པོ་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པའི་ཚད་གཞིར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ། སྤྱོད་བཟང་སྒྲིག་ནན་ངང་རུལ་རྒོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གྲུབ་འབྲས་གསར་པར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་བྱེད་དགོས།
གཅིག ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གལ་ཆེན་ལ་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་སྒྱུར་བཅོས་ཀྱི་སྤྱིའི་དམིགས་ཚད་མངོན་འགྱུར་དང“གཙོ་གནད་བདུན”དང་དེ་བཞིན་ཁྱབ་ཁོངས་དབྱེ་བའི་དམིགས་ཚད་13བཅས་ཀྱི་འཕེལ་རིམ་གནས་ཚུལ་ལ་དམ་པོར་དམིགས་པ་དང་། ལྟ་སྐུལ་གྱི་ནང་དོན་ཞིབ་ཕྲ་དང་ཏན་ཏིག་ཏུ་བཏང་ནས་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྒྱུར་བཅོས་ལ་སྟོབས་ཤུགས་གཅིག་སྡུད་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར་སྐུལ་འདེད་གཏོང་དགོས།
གཉིས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ་སྒྲིག་བཀུར་སྲོལ་བརྩི་དང་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་ཆགས་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བར་དམ་འཛིན་ཏན་ཏིག་བྱས་ཏེ་གཙོ་གནད་ནང་དོན་དང་གཙོ་གནད་དམིགས་ཡུལ་འབུར་དུ་ཐོན་པ་དང་སྒྲིག་ཁྲིམས་སློབ་གསོའི་བྱ་ཐབས་གསར་གཏོད་ལ་སྐུལ་འདེད་བཏང་ནས་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་དེ་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་ཁྲིད་སྟོན་བྱེད་དགོས། སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱེད་པའི་ཐད་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ་སྒྲིག་འགལ་གྱི་གནད་དོན་ཤེས་རྟོགས་བྱུང་རིམ་བཞིན་ཞིབ་བཤེར་ཐག་གཅོད་བྱས་ནས་སྒྲིག་ཁྲིམས་ཀྱི་བཙན་ཞིང་ནན་པའི་རང་བཞིན་དང་སྒམ་ནན་རང་བཞིན་སྲུང་སྐྱོང་ཏན་ཏིག་བྱེད་དགོས། “ཐབས་རྣམ་བཞི”ཡང་དག་ངང་སྤྱོད་པའི་ཐད་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ་སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་ཀྱི་མཛད་ཕྱོགས་ལག་ལེན་བསྟར་ནས་རིམ་པ་སྟར་ཆགས་ཀྱི་འགོག་སྲུང་ནུས་པ་འདོན་དགོས།
གསུམ། ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་མཉམ་བཤེར་མཉམ་བཅོས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱོད་བཟང་རུལ་རྒོལ་གཞི་གཅིག་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། “མཉམ་བཤེར”ལ་བརྟེན་ནས་སྤྱོད་ངན་དང་རུལ་སུངས་མཉམ་འདྲེས་ཀྱི་གནད་དོན་ལ་ཆད་པ་ནན་པོ་གཅོད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ངང་དོན་འཁྱོལ་བྱེད་པ། ནན་པོ་མཐའ་འཁྱོངས་ཀྱིས“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པ། ཡ་མེད་སྒྲིག་འགལ་དང་། མངོན་མེད་ཐབས་སྒྱུར། ཁྲོམ་རའི་སྒྲིག་ལམ་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བ། གཞི་རིམ་གྱི་ཁུར་པོ་ལྕི་རུ་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་བཅོས་སྐྱོང་ཟབ་ཏུ་གཏོང་དགོས་པ་དང་། རུལ་སུངས་ལ་ཆད་པ་གཅོད་མཚམས་དུས་ནམ་ཡང་མི་འཇོག་པ་དང་། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་འདྲེས་ཀྱི་རུལ་སུངས་གྱོད་གཞིར་ཞིབ་བཤེར་ནན་པོ་བྱེད་པ། དངུལ་རྩ་དང་། གཞུང་ཁོངས་ཁེ་ལས། ནུས་རྒྱུ། མེ་ཟོན། རྡོ་ཐ། སྨན་རྫས། མཐོ་སློབ། ལུས་རྩལ། གསར་སྤེལ་ཁུལ། ལས་གྲྭ་འཛུགས་སྐྲུན། འོས་སྐུལ་འོས་དཔོད་སོགས་ཁྱབ་ཁོངས་དང་ཁོངས་གཏོགས་བཅོས་སྒྲིག་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་པ། རུལ་སུངས་གསར་པ་དང་མངོན་མེད་རུལ་སུངས་ཤེས་རྟོགས་བྱེད་པ་དང་། དཔང་རྟགས་བསྡུ་ལེན་བྱེད་པ། ངོ་བོ་གཏན་འཁེལ་བཅས་ཀྱི་དཀའ་གནད་སེལ་བར་ཤུགས་རྒྱག་པ། འགན་དབང་གང་བྱུང་དུ་སྤྱོད་པ་དང་། ལས་འགན་སྣང་མེད་ལྷོད་གཡེང་དུ་གཏོང་བ། སྒྲིག་འགལ་ངང་ཐབས་ཇུས་འདིང་བ་བཅས་ལས་གཞུང་ཁོངས་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་པའི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། རྒྱུན་དུ་ལས་བྱེད་པར་རུལ་བསླད་བཏང་ནས་ཕྱོགས་གཅིག་ལ་གནོད་འཚེ་གཏོང་བའི་ལྐོག་རྔན་སྤྲོད་མཁན་དེ་དག་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ། རྒྱལ་སྒྲོལ་རུལ་སུངས་ལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། “མཉམ་བཅོས”ལ་བརྟེན་ནས་སྤྱོད་ངན་དང་རུལ་སུངས་ཀྱི་སྤྱི་ཁྱབ་རང་བཞིན་གྱི་འབྱུང་རྩ་མེད་པར་བཟོ་བ་དང་། འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་བུ་ཕྲུག་དང་དེ་བཞིན་ཁོང་ཚོའི་བཟའ་ཟླས་སྒྲིག་འགལ་ངང་ཚོང་གཉེར་དང་ཁེ་ལས་གཉེར་སྐྱོང་བྱེད་པ་སོགས་ཀྱི་གནས་ཚུལ་ལ་དུས་ཐོག་ཏུ་ཉེན་བརྡ་གཏོང་བ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྒྲིག་ཨུད་རྩ་འཛུགས་ཀྱིས་མཐུན་སྦྱོར། འབྲེལ་ཡོད་སྡེ་ཚན་གྱིས་རོགས་ལས་མཉམ་འགུལ་བཅས་བྱེད་པའི་ཆབ་སྲིད་སྐྱེ་ཁམས་ཀྱི་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། ལྐོག་རྔན་སྤྲོད་མཁན་གཙོ་བོར་མཉམ་འབྲེལ་ཆད་པ་གཅོད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་གི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2025ལོ་ནས་2027ལོ་བར)བཟོ་བ་བཅས་བྱས་ཏེ་ཀྲུང་གོའི་རུལ་རྒོལ་གྱི་གཏམ་རྒྱུད་ཡག་པོ་ཤོད་དགོས། “བཤེར”དང“བཅོས”འབྲེལ་མཐུད་ལ་བརྟེན་ནས་སྤྱོད་ངན་དང་རུལ་སུངས་ཀྱི་འགྱུར་ལྡོག་བཀག་འགོག་བྱས་ཏེ་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་མཉམ་བཤེར་མཉམ་བཅོས་བྱེད་པར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་བཟོས་ནས་གྲངས་གཞི་ཆེན་པོའི་ཆ་འཕྲིན་ཅན་ལ་བརྟེན་ཏེ་སྤྱོད་བཟང་རུལ་རྒོལ་ལ་ནུས་ཤུགས་འདོན་དགོས།
བཞི། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་རྒྱུན་མཐུད་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ལེགས་པ་དང་དེ་བས་འདྲ་མཉམ་གྱི་སྒོ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཕན་པ་ཐོབ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། “སྦྲང་གྲོག་རུལ་སུངས”ལ་རྒྱུན་མཐུད་ཆད་པ་གཅོད་ཤུགས་ཆེ་རུ་བཏང་ནས་འགག་རྩའི་ལྷུ་ཚིགས་དང་ཉམས་ཞན་གྱི་ལྷུ་ཚིགས་ཡིན་པའི་རྫོང་མན་ལ་དམིགས་ཏེ་རྒྱུན་མཐུད་དམ་འཛིན་བྱེད་དགོས། “སློབ་གྲྭའི་ཟ་མ”དང་། གྲོང་གསེབ་མཉམ་སྡེབ་ཀྱི“མ་དངུལ་གསུམ”དོ་དམ། གྲོང་གསེབ་དར་རྒྱས་གཏོང་བའི་མ་དངུལ་བེད་སྤྱོད་ལྟ་འདོམས། སྨན་བཅོས་འགན་བཅོལ་ཐེབས་རྩ་དོ་དམ། རྒན་གསོའི་ཞབས་ཞུ་སོགས་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྐྱོང་ཟབ་ཏུ་བཏང་ནས་པུར་སྐྱེལ་དུར་འཇུག་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྣང་ཚུལ་ཟང་ཟིང་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ས་གནས་ཁག་གིས་དམངས་འཚོའི་དཀའ་སྡུག་དང་དཀའ་གནད་བདམས་ཏེ་ཡུལ་བབ་དང་བསྟུན་ནས་བཅོས་སྒྲིག་བྱེད་པར་མཛུབ་ཁྲིད་བྱས་ཏེ་མང་ཚོགས་ཚོས་མིག་མཐོང་ལག་ཟིན་ཐུབ་པར་བྱེད་དགོས།
ལྔ། ཆབ་སྲིད་ཀྱི་སྐོར་གཟིགས་ངེས་གནས་བརྟན་སྲུང་བྱས་ཏེ་སྐོར་གཟིགས་བྱེད་པ་ལས་གནད་དོན་དེ་བས་གནད་སྨིན་ངང་ཤེས་རྟོགས་དང་ཐག་གཅོད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཆབ་སྲིད་ཀྱི་སྐོར་གཟིགས་ཏན་ཏིག་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་འགལ་ཟླ་གཙོ་བོ་དང་སྒྱུར་བཅོས་བཀོད་སྒྲིག་དོན་འཁྱོལ་བྱེད་རིང་གི་ཡོ་ཁྱད་ཆེན་པོ་འཚོལ་ཞིབ་གཏིང་ཟབ་བྱེད་དགོས། རྒྱུན་གཏན་གྱི་སྐོར་གཟིགས་དང་། ཆེད་དོན་སྐོར་གཟིགས། སྐབས་བསྟུན་སྐོར་གཟིགས། སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བ”བཅས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་འདོམས་བྱས་ཏེ་རིམ་སྤོར་སྐོར་གཟིགས་སྟབས་བསྟུན་ངང་བྱེད་དགོས། ཀྲུང་དབྱང་ཚན་པའི་ནང་ཁུལ་གྱི་སྐོར་གཟིགས་དང་སྒྲིག་བཤེར་ལྟ་ཞིབ་ཀྱི་ལྟ་སྐུལ་འབྲེལ་མཐུད་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཚོར་སྐོར་ཞིབ་ལས་དོན་སྤེལ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས། དག་ཐེར་གྱི་བྱེད་པོའི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་དག་ཐེར་གྱི་ལྕག་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དག་ཐེར་གྱི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་དགོས།
དྲུག སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ལས་འགན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་དང་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་སྐོར་གྱི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ནང་ཁུལ་དུ་བཙུགས་པའི་སྒྲིག་གཞི་དང་མངགས་གཏོང་སྒྲིག་གཞིའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་ལ་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་ཕྱོགས་ཡོངས་ནས་མངགས་གཏོང་ལས་དོན་ལེགས་གྲུབ་བྱེད་པ། འབྲེལ་ཡོད་མངགས་གཏོང་ལས་ཁུངས་ཀྱིས་བཅའ་སྡོད་ཚན་པའི་རིམ་པ་འོག་མའི་ཚན་པ་དང་། པུའུ་ཁོངས་གཏོགས་ཀྱི་མཐོ་སློབ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་རྒྱུ་ཨུ་ལྷན་དོ་དམ་འགོ་ཁྲིད་ཚན་ཁག་གི་ཀྲུང་དབྱང་ཁེ་ལས་བཅས་ལ“སླར་ཡང་མངགས་གཏོང”བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ཀྲུང་དབྱང་ལ་གཞོགས་འདེགས་བྱས་ཏེ་ཏང་ཨུད(ཏང་ཙུའུ)ཀྱིས་རིམ་པ་འོག་མའི“འགོ་ཁྲིད་ཨང་དང་པོར”ལྟ་སྐུལ་དང་གླེང་མོལ་གྱི་ལས་དོན་སྤེལ་བའི་བྱེད་ཐབས་བཟོ་བ་དང་རྒྱལ་སྒྲོལ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ཀྱི་འཆར་ཟིན་འགོད་དགོས། ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་ཁྲིད་དུ་བྱེད་པ་དང་། ཆེད་འགན་གྱི་ལྟ་སྐུལ་གཙོ་བོར་བྱེད་པ། གཞི་རིམ་གྱི་ལྟ་སྐུལ་འདེགས་སྐྱོར་དུ་བྱེད་པ། ལྟ་སྐུལ་སྣ་ཚོགས་འབྲེལ་མཐུད་མཐུན་སྦྱོར་འགན་སྲུང་དུ་བྱེད་པ་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས།
བདུན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ཤུགས་ཆེ་རུ་བཏང་སྟེ། ནན་པའི་རྩ་བའི་དགོངས་གཞི་ལག་ལེན་མཐར་ཕྱིན་བསྟར་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། “འགན་འཁྲི་གཉིས”ལ་བརྟེན་ནས་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་ནན་པོ་བྱེད་པ་དང་ཏང་ཨུད(ཏང་ཙུའུ)ཀྱི་བྱེད་པོའི་འགན་འཁྲི་དང་། འགན་ནུས་སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི། སྒྲིག་ཨུད(སྒྲིག་བཤེར་ཚོགས་ཆུང)ཀྱི་ལྟ་སྐུལ་འགན་འཁྲི་བཅས་ཕྱོགས་གཅིག་ཏུ་ཤུགས་རྒྱག་རྒྱུར་སྐུལ་འདེད་བཏང་སྟེ། རང་འགན་གཙང་སྒྲུབ་དང་གཅིག་གྱུར་མཐུན་སྦྱོར་གྱི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲིའི་བཀོད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་བརྒྱུད་རིམ་ལྡན་པའི་བསམ་གཞིག་དང་ཚན་རིག་དང་མཐུན་པའི་བྱ་ཐབས་སྤྱད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེབས་གཏོང་དགོས།
བརྒྱད། “སྒྲིག་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། དངོས་གཞི་ཅན་བཅས་འཛུགས་སྐྱོང་ལོའི”བྱ་སྤྱོད་སྤེལ་ནས་སྒྲིག་བཤེར་ལྟ་ཞིབ་ཀྱི་དཔུང་ཁག་ཧྲག་པོ་འཛུགས་སྐྱོང་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དད་སེམས་དང་རྩ་འཛུགས་ལ་གུས་སྐྲག་ཤེས་པ་དང་། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ། ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་འཆང་བ་བཅས་བྱས་ནས་རང་རྟོགས་ངང་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཁྲོད་བཞག་སྟེ་ཇུས་འགོད་དང་སྐུལ་འདེད་གཏོང་དགོས། ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་དང་ལས་འགན་ལ་གུས་སྐྲག་ཤེས་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་བ། དངོས་ཐོག་བདེན་འཚོལ་གྱི་སྲོག་རྩ་བརྟན་སྲུང་བྱེད་པ། སྒྲིག་སྲོལ་དང་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལ་ནན་པོར་གཞིགས་པ། སྲིད་ཇུས་ཀྱི་ཐབས་ཇུས་ཁོང་དུ་ཡང་དག་ཆུད་པ། སྒྲིག་ལྟར་ཁྲིམས་སྒྱུར་ལ་ངོ་བོ་གཏན་འཁེལ་ཡང་དག་བྱེད་པ། རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་བཅས་བྱས་ཏེ། ལས་བྱེད་པ་འདེམས་གསོ་དོ་དམ་བཀོལ་སྤྱོད་ཀྱི་ལམ་སྲོལ་ལེགས་སུ་གཏོང་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དབང་ཆ་དང་མི་དམངས་ལ་གུས་སྐྲག་ཤེས་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དང་། འགན་འཁུར་གྱི་སྙིང་སྟོབས། ཁྲིམས་སྐྱོང་གི་སྙིང་སྟོབས་བཅས་དར་སྤེལ་གཏོང་བ། ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་དང་ཡིན་མིན་ཆེན་པོའི་གནད་དོན་ཐད་གདོང་གཏུག་བྱེད་ཕོད་པ་དང་རལ་གྲི་འཕྱར་ཕོད་པ་བཅས་བྱས་ནས། ཏང་དང་མི་དམངས་ཀྱིས་དཀྲིས་པའི་དབང་ཆ་གང་བྱུང་དུ་མི་སྤྱོད་པའི་འགན་ལེན་བྱེད་དགོས། སྤྱོད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལ་གུས་སྐྲག་ཤེས་པ་དང་། དོ་དམ་ནན་པོར་བརྟེན་ནས་གཅུན་འདོམས་ལ་ཤུགས་སྣོན་རྒྱག་པ། ཆད་གཅོད་ནན་པོར་བརྟེན་ནས་ཟིལ་གནོན་ལ་ཤུགས་སྣོན་རྒྱག་པ། གཅེས་སེམས་ཟབ་མོར་བརྟེན་ནས་མི་སེམས་དྲོས་པ། རྒྱུན་གཏན་གྱི་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ཕུང་འདྲེ་མཐའ་གཅིག་ཏུ་མེད་པར་བཟོ་བ་བཅས་བྱས་ཏེ། ཚད་གཞི་སྔར་ལས་མཐོ་བ་དང་བླང་བྱ་སྔར་ལས་ནན་པའི་ཐོག་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ། འཐབ་རྩོད་བྱེད་ཕོད་པ་དང་མཁས་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་དཔུང་ཁག་ཧྲག་པོ་ཞིག་གཏོད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་འབོད་སྐུལ་བྱས་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་སེམས་ནུས་གཅིག་སྒྲིལ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱས་ནས། ནམ་ཡང་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བའི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འགན་སྲུང་བརྟན་པོ་བྱེད་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་8ཉིན་འབྱོར་བའི་གློག་འཕྲིན)