འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་10ཉིན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་མཛུབ་ཁྲིད་བསམ་འཆར་བཀྲམ་ནས་བསྟན་དོན།

༄༅།།སྲིད་གཞུང་གི་མ་འཇོག་ཐེབས་རྩ་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་10ཉིན། 10:54】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྲིད་གཞུང་གི་མ་འཇོག་ཐེབས་རྩ་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》(གཤམ་དུ《མཛུབ་ཁྲིད་བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་དང་། 《མཛུབ་ཁྲིད་བསམ་འཆར》ནང་ཕྱོགས་བདུན་དང་བྱ་ཐབས་ཁག་25བཏོན་ཞིང་། དེའི་དམིགས་ཡུལ་ནི་སྔར་བས་ཚན་རིག་དང་མཐུན་ཞིང་ཕན་འབྲས་ཆེ་བའི་སྲིད་གཞུང་གི་མ་འཇོག་ཐེབས་རྩའི་དོ་དམ་མ་ལག་བཏོད་དེ་སྲིད་གཞུང་གི་མ་འཇོག་ཐེབས་རྩ་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།

    《མཛུབ་ཁྲིད་བསམ་འཆར》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་སྲིད་གཞུང་གི་ཁྲིད་སྟོན་དང་སྲིད་ཇུས་རང་བཞིན་གྱི་ངེས་གནས་མངོན་གསལ་དོད་པོ་ཡོང་བ་བྱས་ཐོག ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། ཆེད་ལས་ཅན་བཅས་ཀྱི་རྩ་དོན་ལ་གཞིགས་ནས་སྲིད་གཞུང་གི་མ་འཇོག་ཐེབས་རྩ་འཁོར་སྐྱོད་་ཚད་ལྡན་དང་ཕུགས་བརྟན་མ་རྩ་འཕེལ་རྒྱས་བཏང་སྟེ་ཕན་འབྲས་དངོས་ཐོན་རྒྱུར་མཐོང་ཆེན་བྱེད་དགོས་པ་དང་། ཐེབས་རྩའི་བཀོད་པར་སྤྱི་འདོམས་ལུགས་མཐུན་བྱས་ནས་འདྲ་མཚུངས་མའི་འགྲན་རྩོད་དང་སྤྱི་ཚོགས་ཀྱི་མ་རྩ་ཉུང་དུ་འགྲོ་བའི་སྣང་ཚུལ་མ་ཐོན་པ་བྱེད་དགོས། དབང་ཆ་དང་འགན་འཁྲི་གཅིག་མཐུན་ཡོང་བ་དང་ལྕག་སྐུལ་དང་གཅུན་འདོམས་མཉམ་གནས་ཀྱི་འགན་འཁྲིའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཞི་ཁྱོན་འོས་འཚམ་དང་། བཀོད་པ་ལུགས་མཐུན། འཁོར་སྐྱོད་ཚད་ལྡན། ཚན་རིག་ནུས་ཆེ། ཉེན་ཁར་ཚོས་འཛིན་བཅས་ཀྱི་སྲིད་གཞུང་གི་མ་འཇོག་ཐེབས་རྩ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད།

    《མཛུབ་ཁྲིད་བསམ་འཆར》ནང་། གཅིག་ནས་ངེས་གནས་མི་འཕྱུགས་པར་བྱས་ཏེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཡག་པོ་ཞུ་དགོས། འཐབ་ཇུས་གལ་ཆེན་དང་། གཙོ་གནད་ཁྱབ་ཁོངས་དང་ཁྲོམ་རས་ནུས་པ་གང་ལེགས་འདོན་མི་ཐུབ་པའི་ཉམས་ཞན་ལྷུ་ཚིགས་ལ་དམིགས་ཏེ། སྤྱི་ཚོགས་ཀྱི་མ་དངུལ་སྔར་ལས་མང་བ་སྐུལ་ཁྲིད་ཡོང་བར་བློ་བཀུག་སྟེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་གང་མགྱོགས་བྱེད་པ་དང་། ཡུན་རིང་མ་འཇོག་དང་ཕུགས་བརྟན་མ་རྩར་བརྩི་བའི་ཐེབས་རྩས་རྒྱུན་འཁོར་ལས་སྒྲོལ་བ་དང་རྒྱུན་འཁོར་ལས་ལྡོག་པའི་སྙོམས་སྒྲིག་གི་ནུས་པ་འདོན་དགོས། གཉིས་ནས་རིམ་པ་དང་རིགས་དབྱེའི་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཐེབས་རྩ་འཛུགས་པའི་ཐད་ཀྱི་རིམ་དབྱེའི་དོ་དམ་གྱི་བླང་བྱ་ཁ་གསལ་བཟོས་ནས་རིགས་མི་འདྲ་བའི་ཐེབས་རྩར་ཁྱད་པར་ཅན་གྱི་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། རིགས་སྣ་ཚོགས་ཀྱི་སྲིད་གཞུང་གིས་མ་དངུལ་གཏོང་བའི་སྔོན་རྩིས་དོ་དམ་བྱ་བ་ཚད་ལྡན་དུ་གཏོང་དགོས། གསུམ་ནས་སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་ནས་བཟང་སྒྲིག་གི་རྣམ་པ་ལེགས་སུ་གཏོང་དགོས། རྒྱལ་ཁབ་རིམ་པའི་ཐེབས་རྩ་དང་ས་གནས་ཐེབས་རྩའི་མཉམ་ཤུགས་ཆགས་པར་བྱས་ཏེ། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་ས་གནས་འདི་གའི་ཐེབས་རྩར་སྤྱི་འདོམས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། བཞི་ནས་ཆེད་ལས་ཅན་དང་ཁྲོམ་ར་ཅན་གྱི་འཁོར་སྐྱོད་ཆུ་ཚད་མཐོ་རུ་གཏོང་དགོས། ཐེབས་རྩའི་འཁོར་སྐྱོད་ལ་དོ་དམ་ཚད་ལྡན་དང་ཐེབས་རྩའི་མ་འཇོག་བྱེད་སྟངས་ལེགས་སུ་བཏང་ནས་ཐེབས་རྩའི་དོ་དམ་བྱེད་མཁན་གྱི་ནུས་པ་གང་ལེགས་འདོན་དགོས་པ་དང་། ཐེབས་རྩའི་བྱས་འབྲས་དོ་དམ་འཐུས་སྒོ་ཚང་དུ་བཏང་ནས་ནོར་འཛོལ་རུང་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འཁོར་འབྲེལ་ཧྲིལ་པོ་དང་རྒྱུན་འཁོར་ཧྲིལ་པོར་དཔྱད་ཞིབ་གདེང་འཇོག་གི་མ་ལག་ལེགས་སུ་བཏང་སྟེ། རྣམ་གྲངས་རྐྱང་པའམ་ཡང་ན་ལོ་འཁོར་མོའི་ཁེ་གྱོང་དཔྱད་ཞིབ་ཀྱི་གཞི་འཛིན་སར་མི་བཟུང་བར་གསར་གཏོད་ལ་ལྕག་སྐུལ་དང་ཕམ་ཉེས་བཟོད་ཐུབ་པའི་རྣམ་པ་བཟང་པོ་གཏོད་དགོས། ཐེབས་རྩ་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་བཏང་སྟེ་དྲང་ཕྱོགས་ཀྱི་ལྕག་སྐུལ་སྲིད་ཇུས་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཁྲོམ་རར་མ་དངུལ་འཇོག་པའི་གདེང་ཚོད་ཆེ་རུ་གཏོང་དགོས། ལྔ་ནས་ཕྱིར་འཐེན་ལམ་སྲོལ་ལེགས་སུ་བཏང་ནས་མ་འཇོག་གི་རྒྱུན་འཁོར་ལ་སྐུལ་འདེད་གཏོང་དགོས། ཐེབས་རྩ་ཕྱིར་འཐེན་བྱེད་ལམ་ཡངས་སུ་བཏང་ནས་སྒེར་སྡུད་མ་རྐང་དབང་ཆའི་རིམ་པ་གཉིས་པའི་ཁྲོམ་རའི་ཐེབས་རྩ་དང་ཟླ་སྒྲིལ་ཐེབས་རྩ་སོགས་འཕེལ་རྒྱས་ལ་ལྕག་སྐུལ་བཏང་ནས་བང་རིམ་མང་བའི་མ་རྩའི་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་རྣམ་གྲངས་ཕྱིར་འཐེན་གྱི་ལས་རིམ་སྟབས་བདེ་རུ་གཏོང་ཐབས་འཚོལ་ཞིབ་བྱེད་དགོས། དྲུག་ནས་ནང་ཁུལ་གྱི་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཉེན་ཁ་སྔོན་འགོག་བྱས་ཏེ་སེལ་དགོས། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ནོར་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་དགོས། བདུན་ནས་རྩ་འཛུགས་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་དང་སྡེ་ཚན་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ལྟ་འདོམས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས་པ་བཅས་བསྟན་ཡོད།

    《མཛུབ་ཁྲིད་བསམ་འཆར》ནང་། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ངོས་འཛིན་ཟབ་ཏུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་རིམ་པས་ནན་དུ་གཏོང་བ། སྤྱི་འདོམས་མཐུན་སྦྱོར་ཡག་པོ་བྱས་ཏེ་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། སྲིད་གཞུང་གིས་མ་དངུལ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་དེ་བས་ཡག་པོ་འདོན་དགོས་པའི་བླང་བྱ་བཏོན་ཡོད།