འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་9ཉིན།

༄༅།།གནོད་ཁུལ་ལ་སྒོར་དུང་ཕྱུར་2.7ལྷག་གི་ཞལ་འདེབས་ཟིན་ཡོད།  

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་09ཉིན། 15:08】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     གསར་འགོད་པས་ཟླ་1ཚེས་8ཉིན་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བྱུང་རྗེས་གནོད་པ་ཐེབས་ཁུལ་གྱི་དགོས་མཁོར་གཞིགས་ནས་དམངས་སྲིད་པུའུ་ཡིས་རྒྱལ་ཡོངས་དགེ་སྒྲུབ་རྩ་འཛུགས་ཀྱིས་ཁྲིམས་དང་སྒྲིག་སྲོལ་ལྟར་རྒུད་སྐྱོབ་དགེ་སྒྲུབ་ཞལ་འདེབས་བྱེད་པར་སྐུལ་སློང་དང་ཁྲིད་སྟོན་བྱས་ནས་བོད་ལྗོངས་ཀྱི་གནོད་པ་ཐེབས་ཁུལ་ལ་རྒྱབ་སྐྱོར་ཧུར་ཐག་བྱས་པ་རེད། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། རྒྱལ་ཡོངས་ཀྱི་དགེ་སྒྲུབ་སྟོབས་ཤུགས་ཀྱི་ཞལ་འདེབས་དང་ཞལ་འདེབས་རྒྱག་འདོད་ཡོད་པའི་མ་དངུལ(དངོས་རྫས)གྱི་རིན་ཐང་སྒོར་དུང་ཕྱུར་2.7ལས་བརྒལ་ཡོད།

    དེའི་ནང་ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་གནོད་པ་ཐེབས་ཁུལ་ལ་མ་དངུལ་ཐོག་མ་སྒོར་ཁྲི་200ཞལ་འདེབས་ཕུལ་ཏེ་ས་ཡོམ་རོགས་སྐྱོབ་དང་གནོད་ཁུལ་མང་ཚོགས་ཀྱི་འཚོ་བ་འགན་སྲུང་ཐད་སྤྱོད་རྒྱུ་དང་། ཐེང་ཞུན་སྤྱི་ཕན་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་ཀྱིས་ཐེངས་དང་པོར་སྒོར་ཁྲི་2000ཞལ་འདེབས་ཕུལ་ནས་གནོད་པ་ཐེབས་ཁུལ་གྱི་ཛ་དྲག་རོགས་སྐྱོར་དང་། བར་བརྒལ་བཀོད་སྒྲིག དགུན་དུས་དངོས་རྫས། གནོད་འཚེ་ཕོག་རྗེས་བསྐྱར་སྐྲུན་བཅས་དང་དེ་བཞིན་བཟོ་ལས་ཀྱིས་རྒུད་སྐྱོབ་ཚབ་བྱེད་སོགས་ཀྱི་ལས་དོན་ཐད་སྤྱོད་རྒྱུ་དང་། ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་། ཀྲུང་གོའི་དམའ་རིམ་འཕྲོད་བསྟེན་བདེ་སྲུང་ཐེབས་རྩ་ལྷན་ཚོགས། ཨ་ལི་པ་པ་སྤྱི་ཕན་ཐེབས་རྩ་ལྷན་ཚོགས། ཧྲུན་ཧྥུང་སྤྱི་ཕན་ཐེབས་རྩ་ལྷན་ཚོགས། པོ་སི་ཏེང་སྤྱི་ཕན་ཐེབས་རྩ་ལྷན་ཚོགས། ཤིན་ཧྭ་ཚེ་སྲོག་འགན་བཅོལ་སྤྱི་ཕན་ཐེབས་རྩ་ལྷན་ཚོགས། ཞིན་ཡུན་རིག་གནས་སློབ་གསོའི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་སོགས་དགེ་སྒྲུབ་རྩ་འཛུགས་ཀྱིས་ས་ཡོམ་གནོད་ཁུལ་ལ་འཕྲལ་སྡོམ་དངོས་ཟོག་དང་གྲང་འགོག་གྱོན་ཆས་ཞལ་འདེབས་བརྒྱབ་པའམ་ཡང་ན་རོགས་སྐྱོབ་མི་སྣ་མངགས་ཡོད་པ་རེད།

    གཞན་ཡང་། ཟླ་1ཚེས་8ཉིན་གྱི་ཆུ་ཚོད་17བར། མི་ཐེངས་ཁྲི་170ལྷག་ཙམ་གྱིས་དྲ་སྦྲེལ་གྱི་ཡོངས་བསྒྲགས་ཞལ་འདེབས་བསྡུ་བའི་ཞབས་ཞུའི་སྟེགས་བུ་བརྒྱུད་དགེ་སྒྲུབ་རྩ་འཛུགས་121གིས་སྤེལ་བའི་ཞལ་འདེབས་རྣམ་གྲངས་ལ་ཞལ་འདེབས་བརྒྱབ་པ་རེད།