རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བསམ་འཆར་བཀྲམ་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་07ཉིན། 15:08】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་ནན་དུ་དང་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་དེའི་དམིགས་ཡུལ་ནི་ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་སྒྱུར་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་ནན་དུ་དང་ཚད་ལྡན་དུ་བཏང་སྟེ་ཞིབ་བཤེར་གང་བྱུང་བྱེད་རིགས་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་ཆེད་རེད།
《བསམ་འཆར》ནང་ཁ་གསལ་བཏོན་དོན། སྲིད་འཛིན་ཁྲིམས་སྒྱུར་ལས་ཁུངས་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དབང་སྤྲོད་རྩ་འཛུགས། མངགས་བཅོལ་ཐོབ་པའི་རྩ་འཛུགས་གཞན་དག་བཅས་ཕུད་རྩ་འཛུགས་དང་མི་སྒེར་གང་རུང་གིས་སྲིད་འཛིན་ཞིབ་བཤེར་བྱེད་མི་ཆོག སྲིད་འཛིན་ཞིབ་བཤེར་གྱི་བྱེད་པོའི་ཐོབ་ཐང་ཁྲིམས་ལྟར་གཏན་འཁེལ་བྱེད་པ་དང་ཆབས་ཅིག་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས། འབྲེལ་ཡོད་གཙོ་གཉེར་སྡེ་ཚན་གྱིས་ཁྱབ་ཁོངས་དེ་གའི་ད་ཡོད་ཀྱི་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་གྱི་དོན་ཚན་གསེད་བཀྲོལ་བྱེད་པ་དང་ཆབས་ཅིག་བབ་བསྟུན་དོ་དམ་ཡང་བྱེད་དགོས། སྲིད་འཛིན་ཞིབ་བཤེར་གྱི་དོན་ཚན་ཁྱབ་བསྒྲགས་བྱས་མེད་རིགས་ལག་བསྟར་བྱེད་མི་ཆོག སྲིད་འཛིན་ཞིབ་བཤེར་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བར་ཁེ་བཟང་ཧམ་གཉེར་གྱིས་ཞིབ་བཤེར་དང་རང་ཤེད་ཚ་པོས་ཞིབ་བཤེར་སྔོན་འགོག་བྱས་ནས། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་ལ“གཏན་འགོག་ལྔ”དང“བྱེད་མི་ཆོག་པ་བརྒྱད”ཐུབ་པར་བྱེད་དགོས།
《བསམ་འཆར》ནང་གཏན་འབེབས་བྱས་དོན། 2025ལོའི་ཟླ་6པའི་ཟླ་མཇུག་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་གྱིས་ཁྱབ་ཁོངས་དེ་གའི་རིམ་པ་དང་རིགས་དབྱེའི་ཞིབ་བཤེར་ལམ་ལུགས་བཙུགས་ནས་ད་ཡོད་ཀྱི་སྲིད་འཛིན་ཞིབ་བཤེར་གྱི་ཚད་གཞི་ཁྱབ་བསྒྲགས་བྱེད་དགོས་པ་དང་། འབྲེལ་ཡོད་གཙོ་གཉེར་སྡེ་ཚན་གྱིས་སྲིད་འཛིན་ལས་ཁུངས་གཅིག་གིས་ཁེ་ལས་གཅིག་ལ་ལོ་གཅིག་གི་སྲིད་འཛིན་ཞིབ་བཤེར་བྱེད་ཐེངས་མང་ཤོས་ཁྱབ་བསྒྲགས་བྱེད་དགོས། ཟླ་སྒྲིལ་བཏང་ནས་ཞིབ་བཤེར་ཐུབ་རིགས་བསྐྱར་དུ་ཞིབ་བཤེར་བྱེད་མི་ཆོག་པ་དང་། མཉམ་དུ་ཞིབ་བཤེར་ཐུབ་རིགས་ཕྱོགས་མང་པོ་ནས་ཞིབ་བཤེར་བྱེད་མི་ཆོག་པ། ཡིག་ཐོག་ནས་ཞིབ་དཔྱད་དང་། ཆ་འཕྲིན་མཉམ་སྤྱོད། རིག་ལྡན་ལྟ་འདོམས་སོགས་བྱེད་སྟངས་བརྒྱུད་ལྟ་འདོམས་ཐུབ་རིགས་ཁེ་ལས་སུ་བསྐྱོད་ནས་ཞིབ་བཤེར་བྱེད་མི་ཆོག ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་ལ་གཏོགས་ཁོངས་ཀྱི་དོ་དམ་བྱེད་ཁོངས་རྩ་དོན་དུ་བཟུང་དགོས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་གྱིས་2025ལོའི་ཟླ་12པའི་ཟླ་མཇུག་གོང་སྲིད་འཛིན་ཞིབ་བཤེར་གྱི་ཡུལ་གཞན་གྱི་གཞོགས་འདེགས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་འབྲེལ་ཡོད་ལམ་སྲོལ་ཁ་གསལ་བཟོ་དགོས།