འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་2ཉིན།

༄༅།།ཀེ་རི་སིའི་སྲིད་གཞུང་གིས་དྲ་རྒྱར་ཞུཊ་མི་ཆོག་པའི་ཐད་བྱ་ཐབས་འདི་སྤྱོད་རྒྱུ་རེད།  

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་02ཉིན། 15:29】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཟླ་12ཚེས་30ཉིན། ཀེ་རི་སེའི་ཙུང་ལི་སྨི་ཙུའོ་ཐ་ཅི་སིས་ཨ་ཐེན་སིར་ཀེ་རི་སེའི་སྲིད་གཞུང་གིས་བྱེད་ཐབས་རབ་དང་རིམ་པ་ལ་སྐུལ་འདེད་བཏང་ནས། ལོ་15མན་གྱི་སྐྱེ་བོ་ལོ་ན་མ་སོན་པ་ཚོས་དྲ་སྦྲེལ་དང་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྤྱོད་པའི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས། དྲ་རྒྱར་དབྱིངས་ཞུགས་པ་དང་དྲ་རྒྱའི་བརྙས་བཅོས་སོགས་ཀྱི་སྣང་ཚུལ་ལ་ཁ་གཏད་གཅོག་བཞིན་ཡོད་ཅེས་བཤད་པ་རེད།

སྐྱེ་བོ་ལོ་ན་མ་སོན་པའི་དྲ་རྒྱའི་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད། ཀེ་རི་སེའི་སྲིད་གཞུང་གིས་ཁྱིམ་བདག་གི་ཚོད་འཛིན་སྟེགས་བུ་བཏོན་ནས། ཁྱིམ་བདག་གིས་སྒུལ་བདེའི་སྒྲིག་ཆས་ནང་ཁྱིམ་བདག་གི་ཚོད་འཛིན་ནུས་པ་ཕབ་འཇུག་བྱེད་པར་རོགས་བྱས་ནས། སྐྱེ་བོ་ལོ་ན་མ་སོན་པ་དྲ་རྒྱར་ཞུགས་པའི་དུས་ཚོད་ཚོད་འཛིན་བྱེད་པ་མ་ཟད། འཚག་ཆས་སྤྱད་དེ་དྲ་ངོས་མི་ལེགས་པ་དང་ཉེར་སྤྱོད་མཉེན་ཆས་བཀག་འགོག་བྱ་རྒྱུ་རེད།

སྨི་ཙུའོ་ཐ་ཅི་སི་ཡིས། ཁྱིམ་བདག་གིས་སྐྱེ་བོ་ལོ་ན་མ་སོན་པའི་དྲ་རྒྱའི་བྱེད་སྒོར་དོ་དམ་བྱེད་པའི་ཁྲོད་འགག་རྩའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད་པས། དེའི་ཐད་དགོས་ངེས་ཀྱི་མཐའ་མཚམས་གཏན་འཁེལ་བྱེད་པའི་འགན་འཁྲི་ཡོད་ཅེས་བཤད།

སང་ལོའི་དཔྱིད་དུས། ཀེ་རི་སེའི་སྲིད་གཞུང་གིས་ད་དུང་སྟེགས་བུ་གསར་པ་ཞིག་བཏོན་ནས། ཁྱིམ་བདག་གི་ཚོད་འཛིན་ནུས་པར་སྔར་ལས་ཤུགས་བརྒྱབ་སྟེ། ལོ་ན་མ་སོན་པའི་བྱིས་པའི་དྲ་ཐོག་མཉམ་འགུལ་ལ་ལྟ་ཞིབ་ཚད་ལེན་བྱས་ནས་མི་མངོན་པའི་ཉེན་ཁ་ལས་གཡོལ་ཐབས་བྱ་རྒྱུ་ཡིན་པ་རེད།

སློབ་མ་ལག་ཐོགས་ཁ་པར་ལ་དབྱིངས་ཞུགས་པར་སྔོན་འགོག་བྱ་ཆེད། 2024ལོའི་ཟླ་9པའི་སློབ་ལོ་གསར་པ་ནས་བཟུང་། ཀེ་རི་སེའི་སྲིད་གཞུང་གིས་རྒྱལ་ཡོངས་སློབ་གྲྭ་འབྲིང་ཆུང་གིས་སློབ་ཁང་ནང་དུ་ལག་ཐོགས་ཁ་པར་ཕྱོགས་ཡོངས་ནས་བཀག་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།