འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་2ཉིན།

༄༅།།ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་5ཡིས“དབང་སྐྱོར་དགུན་དྲོས”ཀྱི་བྱེད་སྒོ་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་02ཉིན། 13:45】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། དམངས་སྲིད་པུའུ། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ《“དབང་སྐྱོར་དགུན་དྲོས”བྱེད་སྒོ་སྤེལ་ནས་དཀའ་ངལ་ཡོད་པའི་དབང་སྐྱོན་ཚབས་ཆེན་ལ་རོགས་སྐྱོར་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ས་གནས་ཁག་གིས་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང“དབང་སྐྱོར་དགུན་དྲོས”བྱེད་སྒོ་གཅིག་སྡུད་ཐོག་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཡོད།

     བརྡ་ཐོའི་ནང་ནན་བཤད་བྱས་དོན། རིམ་ཁག་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། དམངས་སྲིད། བཟོ་ཚོགས། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་དཀའ་ངལ་ཡོད་པའི་དབང་སྐྱོན་ཚབས་ཆེན་ལ་དམིགས་ནས་གཅིག་སྡུད་ཐོག་རོགས་སྐྱོར་བྱེད་སྒོ་སྤེལ་ཏེ། ཏང་དང་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་ལ་ཐུགས་ཁུར་གཟིགས་སྐྱོང་གནང་ལུགས་བརྒྱུད་སྤྲོད་བྱེད་དགོས། དཀའ་ངལ་ཡོད་པའི་དབང་སྐྱོན་ཚབས་ཆེན་གྱི་ཁྱིམ་ཚང་དང་དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་སྒྲིག་གཞིར་བསྐྱོད་དེ། ཐོན་སྐྱེད་འཚོ་བ་དང་། ཁེ་དབང་སྲུང་སྐྱོང་། གསོ་བཅོལ་ལྟ་རྟོག སྤྱི་ཚོགས་རོགས་སྐྱོབ། བདེ་ཐང་སླར་གསོའི་ཞབས་ཞུ། སྨན་པ་བསྟེན་པ་དང་སློབ་གྲྭར་ཞུགས་པ་སོགས་ཐད་ཀྱི་དབང་པོ་སྐྱོན་ཅན་གྱི་གནས་ཚུལ་ངོ་མ་ངོ་གཏུག་གདོང་འཕྲད་ཀྱིས་ཤེས་རྟོགས་བྱེད་དགོས་པ་དང་། ཐོལ་བྱུང་རང་བཞིན་དང་། གནས་སྐབས་རང་བཞིན། དགོས་གཏུག་རང་བཞིན་བཅས་ཀྱི་དཀའ་ངལ་ཡོད་མེད་ལ་དམིགས་བསལ་གྱིས་དོ་སྣང་བྱེད་དགོས། ས་གནས་དེ་གའི་སྤྱི་ཚོགས་འགན་སྲུང་སྲིད་ཇུས་དང་། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཕན་བདེའི་སྲིད་ཇུས་དང་ལྟ་བསྡུར་བྱས་ནས། དབང་པོ་སྐྱོན་ཅན་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དང་། ལྷག་པར་དུ། ཉེ་དུས་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་དཀའ་ངལ་ཞིབ་ཕྲ་ཐབས་བརྒྱ་ཇུས་སྟོང་གིས་མཐུན་སྦྱོར་ཐག་གཅོད་བྱེད་དགོས། “དབང་སྐྱོར་དགུན་དྲོས”བྱེད་སྒོ་སྤེལ་རིང་། དབང་སྐྱོན་རྒན་རྒོན་དང་། དབང་སྐྱོན་ལས་བཟོ། དབང་སྐྱོན་གཞོན་ནུ། དབང་སྐྱོན་བུད་མེད། དབང་སྐྱོན་བྱིས་པ་སོགས་ཀྱི་ཚོགས་སྤྱིར་དམིགས་གཏད་རང་བཞིན་གྱི་སྒོ་ནས་དོ་ཁུར་བྱས་ཏེ། རང་རང་སོ་སོའི་དགེ་མཚན་འདོན་པ་དང་། ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ནས། གཅེས་སྐྱོང་དང་རོགས་སྐྱོར་ལས་དོན་གནད་ལ་འཁེལ་པོས་ཡག་པོ་སྒྲུབ་དགོས།