འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་2ཉིན།

༄༅།།རང་རྒྱལ་གྱིས“རིམ་འདས་ཆུ་ཤུགས་གློག་ཁང”གསར་པ་ཞིག་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་02ཉིན། 13:29】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཏའེ་ཞའོ་ཧོ། ཞེ་ཐུང་ཆང་།

རྨ་ཆུའི་རྒྱུད་དུ་ཆུ་ཤུགས་གློག་ཁང་མང་པོ་བསྐྲུན་ཏེ། དེའི་འབབ་རྒྱུད་ནི་རང་རྒྱལ་གྱི་ནུས་རྒྱུ་གཙང་མའི་འཕར་རྩ་གལ་ཆེན་དུ་གྱུར། 2024ལོའི་ཟླ་12ཚེས་31ཉིན་གྱི་སྔ་དྲོར། རྨ་ཆུའི་འབབ་རྒྱུད་ཀྱི་ས་བབ་མཐོ་ཤོས་ཀྱི་ཆུ་ཤུགས་གློག་ཁང་ལས་གྲྭ་སྟེ། རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་མཚོ་སྔོན་མར་སྟེང་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་ཨང་2པ་བདེ་བླག་ངང་དྲ་སྦྲེལ་གློག་འདོན་བྱས་པ་དང་བསྟུན་ནས། མར་སྟེང་ཆུ་ཤུགས་གློག་ཁང་ཡོངས་སུ་ལས་མཇུག་འགྲིལ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་རེད།

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་གི་རྭ་རྒྱའི་ལུང་གཞུང་དུ་རྨ་ཆུར་བརྟེན་ནས་འབྱུང་འཕྲོད་གློག་ཤུགས་འདོན་གྱི་ཡོད་པ་རེད།

མར་སྟེང་ཆུ་ཤུགས་གློག་ཁང་གནས་ཡུལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3300ཟིན་པ་དང་། ཆུ་ཤུགས་གློག་ཁང་དེ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབའ་རྫོང་དང་མགོ་ལོག་ཀྲོའུ་རྨ་ཆེན་རྫོང་འབྲེལ་མཚམས་ཀྱི་རྨ་ཆུའི་ཆུ་གཞུང་དུ་ཡོད། གློག་ཁང་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་232ཟིན་ཞིང་། དེ་ནི་རྨ་ཆུའི་སྟོད་རྒྱུད་མཚོ་སྔོན་དུམ་བུའི་ཆན་ཝ་ཁྲི་སྟོང་རིམ་པའི“ཆུ་རླུང་འོད་གསུམ་གསོག་འཇོག”གི་ནུས་རྒྱུ་གཙང་མ་གཞི་གཅིག་ཅན་གྱི་རྟེན་གཞི་ཐོག་མའི་ལྟེ་བའི་ལས་གྲྭ་རེད།

མར་སྟེང་ཆུ་ཤུགས་གློག་ཁང་གི་ཆུ་རགས་ཀྱི་མཐོ་ཚད་སྨི་211ཟིན་པ་དང་ཆུ་མཛོད་ཀྱི་རྒྱུན་གཏན་ཆུ་གསོག་ཚད་སྨི་3275ཡིན། ཆུ་མཛོད་ནང་ཆུ་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་16.22ཟིན་པ་དེ་ཤིས་ཧུའུ་མཚེའུ་100ལྷག་ཙམ་གྱི་ཆུ་གསོག་ཚད་དང་མཚུངས་ཀྱི་ཡོད། ཆུ་མཛོད་ཀྱིས་སྙོམས་སྒྲིག་ཐུབ་པའི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་7.06ཟིན་ནས། དུས་ཚིགས་མི་འདྲ་བའི་ཆུ་མང་ཉུང་སྙོམས་སྒྲིག་བྱས་ནས་ཆུ་འདྲེན་དང་། གློག་འདོན། ཆུ་ལོག་སྔོན་འགོག་སོགས་ཀྱི་དགོས་མཁོ་སྐོང་ཐུབ།

མཐོ་གྲང་དང་། གསོ་རླུང་དཀོན་པ། ཁོར་ཡུག་ཞན་པ་བཅས་ཀྱི“འཛམ་གླིང་ཡང་རྩེ”རུ་མར་སྟེང་ཆུ་ཤུགས་གློག་ཁང་གི་འཛུགས་སྐྲུན་མྱུར་ཚད་ཀྱིས་སྔར་བཞིན་ཟིན་ཐོ་མང་པོ་བཏོད་ཡོད།

གློག་ཁང་གནས་ཡུལ་གྱི་གསོ་རླུང་འདུས་ཚད་ནི་གཤོང་སའི་ས་ཁུལ་གྱི་60%ཙམ་ལས་མེད་པ་དང་། འཕྲུལ་ཙུའུ་ནས་དུས་བཀག་ལྟར་གློག་འདོན་ཐུབ་པར་འགན་ལེན་བྱ་ཆེད། འཛུགས་སྐྲུན་པ་5000ལྷག་ཙམ་གྱིས་ཉིན་མཚན་མེད་པར་འབད་བརྩོན་བྱས་ནས་ཆུ་ཚོད་24ཡི་རིང་རྒྱུན་ཆད་མེད་པར་ཨར་སྐྲུན་བྱས་ཡོད། མར་སྟེང་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝང་ཨེན་ཀྲུང་གིས། དགུན་དུས་ཀྱི་ངལ་གསོའི་དུས་མཚམས་ཕུད་ཆུ་རགས་ཀྱི་ཇུས་འགོད་ལས་ཡུན་ཟླ་བ་31.5ཡིན་པ་དང་དོན་དངོས་ཐོག་ཟླ་བ་18ནང་བསྐྲུན་ཡོད། རིཌ་གཅིག་པའི་འཕྲུལ་ཙུའུ་སྒྲིག་སྦྱོར་ལས་ཡུན་སྤྱིར་ན་ཟླ་བ་60ཡིན་པ་དང་དེ་གར་ཟླ་བ་36ནང་འཕྲུལ་ཙུའུ་ལྔ་སྒྲིག་སྦྱོར་བྱས་ཡོད། 2024ལོའི་ཟླ་4པར་འཕྲུལ་ཙུའུ་ཐོག་མ་དྲ་སྦྲེལ་བྱས་ནས་ཡོངས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པར་ཟླ་བ་དགུ་ལས་འགོར་མེད་ཅེས་བརྗོད་པ་རེད།

གློག་ཁང་གིས་རང་འགུལ་ཚོད་འཛིན་ཐུབ་པའི་རིག་ནུས་མ་ལག་བཀོལ་སྤྱོད་བྱས་པ་ནི་རྒྱལ་ནང་གི་ཆུ་ཤུགས་གློག་ཁང་ལས་རིགས་སུ་མིས་བཟོས་རིག་ནུས་མཉམ་འདྲེས་སོགས་ཀྱི་ལག་རྩལ་ཐོག་མར་སྤྱད་པ་དང་། དེས་སྒྲིག་ཆས་དང་བཟོ་རྩལ་མ་ལག་ལ་སྐྱོན་ཤོར་ཚེ་རང་འགུལ་ཤེས་རྟོགས་དང་སྔོན་བརྡ་གཏོང་ཐུབ་ཀྱི་ཡོད། མ་ལག་དེ་རྒྱལ་ཁབ་ནུས་རྒྱུ་ཚོགས་པས་རང་བརྟེན་ཞིབ་སྤེལ་བྱས་པ་ལས་གློག་ཤུགས་ལྟ་སྐུལ་ཚོད་འཛིན་མ་ལག་གི་མཉེན་ཆས་དང་མཁྲེགས་ཆས་ལས་སྟེཌ་ཚང་མ་རྒྱལ་ཐོན་ཅན་དུ་གྱུར་ནས་གློག་གཏོང་སྐབས་དེ་བས་བདེ་འཇགས་དང་ཕན་ནུས་ཆེ་རུ་སོང་ཡོད། དེ་དང་ཆབས་ཅིག གློག་ཁང་གིས་རྒྱལ་ནང་དུ་ཆུ་འཁོར་ཆེ་གྲས་ཀྱི་འཕྲུལ་ཚན་གྱི་ཡུན་རིང་སྙོམས་སྒྲིག་དང་འགུལ་རྣམ་སྙོམས་སྒྲིག་གི་འགག་རྩའི་ལག་རྩལ་ཐོག་མར་སྤྱད་ཡོད། ལག་རྩལ་དེ་ནི་ཆུ་ཤུགས་གློག་ཁང་གི“ཀླད་པ”ལྟ་བུ་ཡིན་པ་དེས་གློག་གཏོང་སྐབས་ཤོང་ཚད་ཡོངས་ཀྱིས་རྩོལ་ཡོད་ནུས་ཚད་འདོན་ཐུབ་པ་མ་ཟད། དགོས་མཁོ་ཡོད་དུས་མགྱོགས་མྱུར་སྙོམས་སྒྲིག་ཐུབ་ནས་གློག་དྲར་རྩོལ་མེད་ནུས་ཚད་ཀྱི་འདེགས་སྐྱོར་བརྟན་པོ་ཐུབ་ཀྱི་ཡོད།

(སྒྲོན་ལགས་དང་གནམ་ཕྱུག་རྒྱལ་གྱིས་སྒྱུར་ཞུས་བྱས)