འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་31ཉིན།

༄༅།།ཐེ་རོན་ཕུས་རྩོམ་པ་པོ་འདི་ལ་ཨ་སྒོར་ཁྲི་500འཇལ་དགོས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་31ཉིན། 13:58】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་30ཉིན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྐོར་སྐྱོད་གོང་གཏུག་ཁྲིམས་ཁང་གཉིས་པས་ཨ་རིའི་ཙུང་ཐུང་བདམས་ཐོན་བྱུང་མཁན་ཐེ་རོན་ཕུ་ཡིས་རྩོམ་པ་པོ་ཁ་ལོའར་ལ་མཚན་མའི་བཙན་གནོད་བྱས་རྗེས་ད་དུང་མོ་རང་ལ་མ་ཉེས་ཁག་གཡོག་བྱས་པས། ཐེ་རོན་ཕུ་ཡིས་འགན་འཁྲི་འཁུར་དགོས་པ་དང་འབྲེལ་སྐྱིན་ཚབ་ཨ་སྒོར་ཁྲི་500སྤྲོད་དགོས་པའི་ཁྲིམས་ཐག་བཅད་པ་རེད། གནས་འཕྲིན་སྤེལ་བར་གཞིགས་ན། མཉམ་ཞུགས་གྱོད་ཞིབ་ལྷན་ཚོགས་ཀྱིས་ཐེ་རོན་ཕུ་ལ་བཙན་གཡེམ་བྱས་ཉེས་བསགས་པར་ངོས་འཛིན་བྱས་མེད་མོད། འོན་ཀྱང་ཁོང་ཚོས་རྩོམ་པ་པོ་ཁ་ལོའར་ལ་མཚན་མའི་བཙན་གནོད་ཐེབས་ཡོད་པས་སྐྱིན་ཚབ་ཨ་སྒོར་ཁྲི་202ཐོབ་པ་དང་། མོ་རང་ལ་མ་ཉེས་ཁག་གཡོག་བྱས་པས་སྐྱིན་ཚབ་ཨ་སྒོར་ཁྲི་298ཐོབ་པའི་ཁྲིམས་ཐག་བཅད་པ་རེད།

    2019ལོར་ཁ་ལོའར་གྱིས་སྐབས་དེའི་ལས་ཐོག་གི་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་དུས་རབས་20པའི་ལོ་རབས་90པའི་དུས་དཀྱིལ་དུ་མོ་རང་ལ་མཚན་མའི་བཙན་གནོད་བྱས་པར་ཞུ་གཏུག་བྱས་ཀྱང་། ཐེ་རོན་ཕུ་ཡིས་ཐོག་མཐའ་བར་གསུམ་དུ་ཁས་མ་བླངས། 2023ལོའི་ཟླ་5པར། ཉིའུ་གཡོད་ལྷོ་ཁུལ་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་ཐེ་རོན་ཕུ་ཡིས་ཁ་ལོའར་ལ་མཚན་མའི་བཙན་གནོད་བྱས་པ་དང་། 2022ལོར་ཁ་ལོའར་ལ་མ་ཉེས་ཁག་གཡོག་བྱས་པས་མོ་རང་ལ་སྐྱིན་ཚབ་ཨ་སྒོར་ཁྲི་500སྤྲོད་དགོས་པའི་ཁྲིམས་ཐག་བཅད་པ་རེད།

    ཐེ་རོན་ཕུ་ཡིས་དེའི་ཐད་གོང་གཏུག་བྱས་ནས། ཉིའུ་གཡོད་ལྷོ་ཁུལ་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་གིས་འབྲེལ་ཡོད་དཔང་རྟགས་མང་པོའི་དཔྱད་མཚམས་ནང་ནོར་འཁྲུལ་བྱུང་ཡོད་པས་བསྐྱར་དུ་ཞིབ་གཅོད་བྱ་རྒྱུའི་རེ་བ་བཏོན། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་དང་པོར་རྒྱལ་ཕྲན་མཉམ་འབྲེལ་མཉམ་ཞུགས་གྱོད་ཞིབ་ལྷན་ཚོགས་གཞན་ཞིག་གིས་ཐེ་རོན་ཕུ་ཡིས་ཁ་ལོའར་ལ་སྐྱིན་ཚབ་ཨ་སྒོར་ཁྲི་8330སྤྲོད་དགོས་པའི་ཁྲིམས་ཐག་བཅད་པ་དང་། རྒྱུ་མཚན་ནི་ཐེ་རོན་ཕུ་ཡིས་2019ལོར་ཡོངས་བསྒྲགས་གཏམ་བཤད་ཁྲོད་དུ་ཁ་ལོའར་ལ་དམའ་འབེབས་བཏང་བ་དང་། ཁ་ལོའར་གྱིས་ཐེ་རོན་ཕུ་ལ་མཚན་མའི་བཙན་གནོད་ཀྱི་སྐྱོན་འདོན་ཞུ་གཏུག་བྱས་པ་ཁས་ལེན་བྱས་མེད།