གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 12ཚེས་30ཉིན། 13:50】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་(གཤམ་དུ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཞེས་བསྡུས་མིང་ལ་ཟེར)ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་12ཚེས་29ཉིན་CR450སྒུལ་འཁོར་ཚོགས་ཆུང་གི་མ་དཔེ་མེ་འཁོར་པེ་ཅིང་དུ་ཁྱབ་བསྒྲགས་བྱས་པ་འདིའི་ཐོག་ནས་“CR450ཚན་རྩལ་གསར་གཏོད་ལས་གྲྭར་”ཚད་བརྒལ་གྱི་གྲུབ་འབྲས་ཆེན་པོ་ཐོབ་པ་མཚོན་པ་དང་། རང་རྒྱལ་གྱི་ལྕགས་ལམ་ཚན་རྩལ་གསར་དུ་གཏོད་པའི་ཆུ་ཚད་དང་ཚན་རྩལ་གྱི་རང་ཚུགས་རང་སྟོབས་ནུས་པ་མཐོ་རུ་ཆེས་ཆེར་ཕྱིན་ནས་རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་ལག་རྩལ་འཛམ་གླིང་ཐོག་སྣེ་ཁྲིད་བྱེད་པའི་ལེགས་ཆ་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་ཐུབ་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། CR450སྒུལ་འཁོར་ཚོགས་ཆུང་གི་མ་དཔེ་མེ་འཁོར་གྱི་འཁོར་སྐྱོད་མྱུར་ཚད་དང་། འཁོར་སྐྱོད་ཀྱི་ནུས་ཁུངས་ཟད་གྲོན། མེ་འཁོར་ནང་གི་འཛེར་སྒྲ། བཀག་གཏོང་བར་ཐག་སོགས་དམིགས་ཚད་གཙོ་བོ་རྒྱལ་སྤྱིའི་ཐོག་སྔོན་ཐོན་གྱི་ཚད་དུ་སླེབས་ཡོད་པ་རེད། གཅིག་ནས་མྱུར་ཚད་སྔར་ལས་མགྱོགས་པ། ཚོད་ལྟའི་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་450དང་། འཁོར་སྐྱོད་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་400ཡིན་པས། མ་འོངས་པའི་ཚོང་ལས་འཁོར་སྐྱོད་ནང་ཞུགས་རྗེས་དུས་དང་བར་སྟོང་གི་བར་ཐག་སྔར་བས་ཇེ་ཆུང་དུ་བཏང་སྟེ། འགྲུལ་པ་འགྲོ་འོང་སྔར་ལས་སྟབས་བདེ་དང་ཕན་གོ་ཆོད་པོ་ཡོང་ཐུབ། གཉིས་ནས་བདེ་འཇགས་སྔར་ལས་ཆེ། བཀག་གཏོང་གི་བར་ཐག་དེ་བས་ཐུང་བ་དང་འཁོར་སྐྱོད་ཀྱི་བརྟན་བརླིང་རང་བཞིན་དེ་བས་ལེགས་པས། འཁོར་སྐྱོད་མྱུར་ཚད་མགྱོགས་སུ་ཕྱིན་པའི་གནས་ཚུལ་འོག་བཀག་གཏོང་གི་བར་ཐག་ཕལ་ཆེར་གཅིག་མཚུངས་ཡིན་པ་རེད། གསུམ་ནས་ནུས་ཁུངས་གྲོན་ཆུང་སྔར་ལས་ཆེ། སྒུལ་འཁོར་ཚོགས་ཆུང་གི་མེ་འཁོར་ཧྲིལ་པོའི་འཁོར་སྐྱོད་འགག་ཤུགས་22%ཇེ་ཆུང་དུ་ཕྱིན་པ་དང་། ལྗིད་ཚད་10%ཉུང་དུ་ཕྱིན་ཡོད། བཞི་ནས་གནས་བཟོད་སྔར་ལས་བདེ་པོ་ཡིན། བདེ་སྣང་གི་དམིགས་ཚད་སྔར་ལས་ལེགས་པ་དང་མེ་འཁོར་ནང་དུ་འཛེར་སྒྲའི་ཧྥུན་པེ་ཚད་2ཆུང་དུ་ཕྱིན་པ། འགྲུལ་ཁང་གི་ཞབས་ཞུའི་བར་སྟོང་4%ཆེ་རུ་ཕྱིན་ནས། འགྲུལ་པ་ཚོར་སྣ་མང་ཅན་དང་། སྟབས་བདེ་ཅན། རང་གཤིས་ཅན་བཅས་ཀྱི་ཞབས་ཞུ་མཁོ་འདོན་ཐུབ་པས། ཞུགས་སྣང་གི་མྱོང་བ་དེ་བས་ཀྱང་བདེ་པོ་ཡོད། ལྔ་ནས་རིག་ནུས་སྔར་ལས་ཆེན་པོ་ལྡན། མེ་འཁོར་གཏོང་བ་དང་ཚོད་འཛིན། ཁ་ལོ་བས་རིག་ནུས་སྤོ་རྒྱུར། བདེ་འཇགས་ལྟ་སྐུལ་ཚོད་འཛིན། འགྲུལ་པར་རིག་ནུས་ཞབས་ཞུ་སོགས་ཁྱབ་ཁོངས་ཚང་མ་ཁྱོན་ཡོངས་ནས་རིམ་པ་འཕར་ཡོད།