གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 12ཚེས་19ཉིན། 14:26】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲའོ་མོང་དབྱང་། ཝུའུ་ཡུང་།
ནང་སོག་རང་སྐྱོང་ལྗོངས་ཤིས་ལིན་ཀུའོ་ལེ་མོང་སུའུ་ཉི་ཐེ་ཡིའུ་ཆི་ཨུ་ལན་མུའུ་ཆི་ནི་རྩྭ་ཐང་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཁྱད་ཆོས་ལ་གཞིགས་ནས་བཙུགས་པའི་རིག་གནས་ལས་དོན་རུ་ཁག་ཅིག་ཡིན་ཞིང་། ལོ་ལྟར་གཞི་རིམ་གྱི་འཐབ་ས་དང་པོར་གཞི་ཚུགས་ཏེ། ཏང་གི་གསུང་སྒྲ་དང་ཐུགས་ཁུར་བརྒྱུད་སྤྲོད་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྤྲོ་སྣང་དང་ཤེས་དཔལ་ཁྱབ་གདལ་གཏོང་གི་ཡོད། ཉེ་བའི་ལོ་ཤས་རིང་། ཡུལ་དེ་གའི་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་ཟམ་མི་ཆད་པར་འགྲོ་བ་དང་བསྟུན་ནས། ཨུ་ལན་མུའུ་ཆིའི་འགྲིམ་འགྲུལ་ཡོ་བྱད་ཀྱང་ཤིང་རྟ་འཁོར་ལོ་ནས་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་སུ་བརྗེས་མོད། འོན་ཀྱང་། གཞི་རིམ་དུ་རྩ་བ་ཚུགས་པའི་སྲོལ་རྒྱུན་དག་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་དང་གསོན་ཤུགས་གསར་པ་འཕེལ་བཞིན་ཡོད།
ལོ་ན་18སྐབས་རུ་ཁག་ནང་ཞུགས་ཏེ་ད་བར་ལོ་20སོང་བའི་ཞབས་བྲོ་འཁྲབ་སྟོན་པ་ཧོང་ཞའོ་ཡུན་གྱིས། སུའུ་ཉི་ཐེ་ཡིའུ་ཆི་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བའི་ས་ཆ་ཞིག་ཡིན་པས། གཤམ་སྐྱོད་འཁྲབ་སྟོན་གྱི་ལམ་བར་དུ་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་འགྲོ་དགོས་ཀྱི་ཡོད། ཐེངས་ཤིག་ཨེ་ཧིན་ཨུ་སུའུ་ཀེ་ཁྲར་འབྱོར་སྐབས་ཕྱི་དྲོའི་ཆུ་ཚོད་གསུམ་པ་བཞི་པ་ཟིན་པ་དང་། འཁྲབ་སྟོན་མཇུག་འགྲིལ་མཚམས་སུ་ས་རུབ་ལ་ཉེ་ཡང་། རྩྭ་ཐང་གི་འཁྲུག་ཆ་དོད་པའི་རྣམ་པ་སྔར་བཞིན་འཇགས་མེད་ཅེས་རང་གི་གཏམ་རྒྱུད་གླེང་།
སྐབས་དེ་དུས་འབྲོག་པ་ཚོས་རླངས་འཁོར་གཉིས་ཀྱི་གློག་བསླངས་ཏེ་གློག་སྒྲོན་སྤར་ནས་ཁ་སྤྲོད་དུ་བཞག་པར། རྩྭ་ཐང་ནི་གློག་འོད་ཆེམ་ཆེམ་དུ་འཕྲོ་བའི་གར་སྟེགས་ཤིག་དང་འདྲ་བར་གྱུར། “གློག་སྤར་བས་སླར་ཡང་ཁྲ་ཐིང་ཐིང་ཆགས་སོང”ཞེས་རེ་སྒུག་ཆེན་པོ་བྱེད་པའི་འབྲོག་པའི་སྐད་ཆ་དེ་ད་ལྟའང་ཧོང་ཞའོ་ཡུན་གྱི་སེམས་ལ་གསལ་པོར་ངེས་ཡོད།
ཧོང་ཞའོ་ཡུན་གྱིས། “ངོ་འཕྲད་གདོང་ཐུག་དང་མཛའ་བརྩེའི་སྤེལ་རེས་བྱེད་ཐབས་དེ་ནི་གང་གིས་ཀྱང་ཚབ་བྱེད་ཐབས་བྲལ་བ་ཞིག་རེད། ཞིང་འབྲོག་པ་ཚོར་དགོས་མཁོ་ཇི་ལྟར་ཆེ་ན། ང་ཚོས་དེ་ཙམ་གྱིས་ཁོང་ཚོར་སྤྲོ་སྣང་དོད་པའི་སྒྱུ་རྩལ་འཁྲབ་སྟོན་བྱེད་དགོས”ཞེས་བརྗོད།
2017ལོ་ནས་བཟུང་། སུའུ་ཉི་ཐེ་ཡིའུ་ཆི་ཨུ་ལན་མུའུ་ཆིས་འཁྲབ་སྟོན་ཁྱོན་ཐེངས་840ལྷག་ཙམ་བྱས་པར། ལོ་རེར་ལམ་ཐག་སྤྱི་ལེ་ཁྲི་2ལྷག་ཙམ་འགྲུལ་བཞུད་བྱས་ཡོད།
སུའུ་ཉི་ཐེ་ཡིའུ་ཆི་ཨུ་ལན་མུའུ་ཆིས་ཆི་དེ་ཡོངས་སུ་ཉམས་ལེན་རྟེན་གཞི་ཁག་14བཙུགས་པ་ཚང་མ་ཆེས་གཞི་རིམ་གྱི་འབྲོག་པའི་ཁྱིམ་དུ་ཡོད་ཅིང་། ལོ་ལྟར་རུ་མི་གསར་རྙིང་ཚང་མ་ཉམས་ལེན་རྟེན་གཞིར་བསྐྱོད་དེ། འབྲོག་པ་དང་མཉམ་ཟ་མཉམ་འཐུང་དང་མཉམ་དུ་ངལ་རྩོལ་བྱེད་དགོས་ཀྱི་ཡོད། ལོ་28ལ་སླེབས་པའི་གཞོན་སྐྱེས་འཁྲབ་སྟོན་པ་སུའུ་མུའུ་པ་ཡར་གྱིས་འབྲོག་པའི་གམ་ནས་རྩྭ་བརྔ་སྟངས་སྦྱངས་པ་མ་ཟད། རང་ཉིད་ཀྱི་མྱོང་བ་དངོས་དེ་ཞབས་བྲོའི་སྟངས་སྟབས་ནང་བཅུག་སྟབས། ཁོང་གི“རྩྭ་བརྔ་བའི་ཞབས་བྲོ”ལྟད་མོ་ཆེ་ལ་ཤུགས་དང་ལྡན་པ་དང་། སྟངས་སྟབས་ཚང་མ་ལས་འབྲོག་པས་རྩྭ་ཐང་ལ་བཅངས་པའི་དགའ་ཞེན་ཆེན་པོ་མཚོན་གྱི་ཡོད། (བསོད་བདེ་ཆེ་བས་བསྒྱུར། དམ་ཆོས་ཀྱིས་ཞུས)