འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་19ཉིན།

༄༅།།འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་ནན་པོ་བྱས་ཏེ་སང་ལོའི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་དོན་ལེགས་སྒྲུབ་ཡག་པོ་བྱེད་དགོས།

—— ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་19ཉིན། 14:12】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་དམིགས་ཏེ། ཕྱོགས་དགུའི་ཐད་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་དེ་ཐོག་ནས“ངེས་པར་དུ་སྤྱི་འདོམས་བྱེད་དགོས་པ” ལྔའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གང་ལེགས་མཚོན་པ་དང་ང་ཚོས་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་ཆེད་ཤུགས་རྒྱག་ས་གཙོ་བོ་དང་ལག་ལེན་གྱི་ཐབས་ལམ་གསལ་སྟོན་བྱས་ཡོད།

སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་བླང་བྱར་བལྟས་ན། དཔལ་འབྱོར་རྒྱུན་མཐུད་བསྐྱར་འཕར་དང་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པའམ་ཡང་ན་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་ཕྱི་རོལ་གྱི་རྡབ་རྡེག་སྔོན་འགོག་དང་སེལ་བ་དང་། སྔོན་དཔག་བརྟན་པོ་དང་གསོན་ཤུགས་འཕེལ་བར་བྱེད་པ་བཅས་གང་ཞིག་ཡིན་རུང་། ང་ཚོས་དེ་བས་རང་འགུལ་གྱི་སྒོ་ནས་བྱ་སྤྱོད་སྤེལ་ཏེ་འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ་བྱེད་དགོས། ཐེངས་འདིའི་ཚོགས་འདུའི་ཐོག་བཀོད་སྒྲིག་བྱས་པའི་ལས་འགན་གཙོ་བོ་ནི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་དོ་གནད་དུ་བཟུང་སྟེ“འཛད་སྤྱོད་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་བ་དང་མ་འཇོག་གི་ཕན་འབྲས་ཆེ་རུ་བཏང་ནས་རྒྱལ་ནང་གི་དགོས་མཁོ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ”དེ་ཨང་དང་པོར་བཞག་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ་དང་། མཚོན་བྱེད་རང་བཞིན་གྱི་སྒྱུར་བཅོས་བྱེད་ཐབས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ཆེ་རུ་གཏོང་བ་སོགས་ལ་དམིགས་ཏེ་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཤིང་། དམིགས་ས་ནི་རང་རྒྱལ་འཕེལ་རྒྱས་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་འགག་ཡིན་པ་དང་། བསལ་བ་ནི་གདིང་རྩའི་འགལ་རྐྱེན་ཡིན་པ། ཁ་གཏད་གཅོག་ཡུལ་ནི་བརྟན་པོ་མེད་པ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་མང་དུ་འགྲོ་བའི་ཕྱི་རོལ་གྱི་ཁོར་ཡུག་བཅས་ཡིན་པས། དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ་མཚོན་ཡོད། ང་ཚོས་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་ནན་པོ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ནུས་ཕྱོད་ཆེ་རུ་ཤུགས་ཆེན་བཏང་སྟེ་གཙོ་གནད་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག་བྱེད་ཐབས་གལ་ཆེན་དང་བླང་བྱ་ཞིབ་ཕྲ་རབ་དང་རིམ་པ་བཏོན་པ་དེ་ཐོག་ནས་སྲིད་ཇུས་ཀྱི་སྟོན་ཕྱོགས་གསལ་པོ་མཚོན་ཡོད། ང་ཚོས་ཚུགས་གནས་མཐོ་རུ་གཏོང་བ་དང་། གོ་བ་ནན་ཏན་ལེན་པ། དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་དགོས། འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་ནན་པོ་བྱེད་པར་ཕྱོགས་གལ་ཆེན་ཞིག་ནི་མངོན་གསལ་དོད་པའི་གནད་འགག་ཐག་གཅོད་བྱ་རྒྱུ་དེ་ཡིན་ཞིང་། གནད་དོན་དེ་དག་གིས་རྟག་ཏུ་གཙོ་གནད་ལས་འགན་ལེགས་སྒྲུབ་བྱེད་པར་ཤུགས་རྐྱེན་ཐེབས་ཀྱི་ཡོད།

ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་འགྲན་ལམ་མང་པོ་ཡོད་པས། “རྣམ་པ་གསར་པ་གསུམ”ཁོ་ནར་ལྡིར་ནས་སྡོད་མི་རུང་ལ། འུར་ཟིང་ཆེན་པོ་མི་རྒྱག་པ་དང་། འུར་ཐེངས་གཅིག་ལ་ཡར་ལངས་པ་དང་འུར་ཐེངས་གཅིག་ལ་ཁ་འཐོར་བ་བྱེད་མི་རུང་བར་ངེས་པར་དུ་ཡུལ་བབ་དང་བསྟུན་ཏེ་སོ་སོའི་ལེགས་ཆ་འདོན་དགོས། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་རང་སོ་སོའི་འཐབ་ཇུས་ཀྱི་ངེས་གནས་སྟངས་འཛིན་ནན་པོ་བྱས་ཏེ་བརྗིད་ཆེའི་བློ་སྟོབས་བཅངས་ནས་འཕེལ་རྒྱས་ཀྱི་ཇུས་འགོད་ཧུར་ཐག་བྱེད་དགོས་ལ་དོན་དངོས་ལ་གཞི་ཚུགས་ཏེ་ཐབས་སྒྱུར་གོང་འཕེལ་གཏོང་མཁས་པོའང་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་འཕར་འགྲན་ལམ་གནད་ལ་འཁེལ་པོས་འཚོལ་དགོས། ས་གནས་སྲིད་གཞུང་ཡིན་ནའང་འདྲ་ཡང་ན་ཁེ་ལས་ཡིན་ནའང་འདྲ་ཚང་མས་དུས་ཐུང་གི་ཁེ་ཕན་ལ་གཞིགས་ནས་རིན་གོང་གི“དམའ་རྩོད”བྱས་ཏེ་ལས་རིགས་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཞན་དུ་གཏོང་བ་དང་རང་རང་སོ་སོའི་འཚོ་གནས་ཀྱི་གནོན་ཤུགས་ཆེ་རུ་གཏོང་བ་བྱེད་མི་རུང་བར། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་། གསར་གཏོད་དང་ལག་རྩལ་ཡར་ཐོན་ལ་བརྟེན་ནས་ནུས་པ་དང་སྤུས་ཚད་ཐད“ཡར་རྩོད”བྱས་ཏེ་ལེགས་ཆ་ཐོབ་པར་བྱེད་དགོས།

དཔེར་ན། “ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་སྒྱུར་ཚད་ལྡན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ”དེ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ལས་འགན་གལ་ཆེན་ཞིག་ཡིན་ལ། དཔལ་འབྱོར་བརྟན་ལ་འཕེལ་རྒྱས་ཡག་པོ་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད།

རིགས་ཁག་གི་ཁེ་ལས་དང་ཁེ་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་ནུས་ལྡན་དང་འདྲ་མཉམ་ངང་སྲུང་སྐྱོང་དང་། རིགས་ཁག་གི་ཁེ་ལས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱས་ནས། ཁྲིམས་བསྐྱུར་གུ་ཡངས་མི་གཏོང་བ་དེ་ནི་ཁྲིམས་སྐྱོང་དཔལ་འབྱོར་དང་ཁྲིམས་སྐྱོང་སྤྱི་ཚོགས་ཀྱི་གཞི་རྩའི་བླང་བྱ་རེད། ཉེ་བའི་ལོ་ཤས་རིང་། སྤྱི་བདེ་ལས་ཁུངས་ཀྱིས་ཡུལ་གཞན་དུ་གྱོད་གཞི་མཉམ་སྒྲུབ་བྱེད་པའི“གཏན་འགོག་དྲུག”དང་། ཁེ་གཉེར་ཁྲིམས་འཛིན་གཏན་འགོག་བྱེད་པའི“གཏན་འབེབས་ཁག་བདུན”སོགས་ཀྱི་ལམ་ལུགས་བཏོན་པ་ནས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས“ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོང་བྱེད་པའི”ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་དང་། “ཉེས་ཚབས་ཆུང་ངུར་ཆད་པ་ནན་པོ་གཅོད་པར”ཡོ་བསྲང་བྱེད་པ། “རྒྱང་རིང་རྒྱ་མཚོར་ཉ་འཛིན་པ”རྣམ་པའི་སྒྲིག་འགལ་ཁྲིམས་སྒྱུར་ལ་ཆད་པ་ནན་པོ་གཅོད་པ་སོགས་ཀྱི་བར། ང་ཚོས་ཁྲིམས་སྐྱོང་ལ་བརྟེན་ནས་ཁེ་ལས་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཡོད།

ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་སྒྱུར་ཚད་ལྡན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བར་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་སྒྱུར་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱེད་པ་དང་། སྤྱི་ཚོགས་ཐོག་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པ། སྒྲིག་འགལ་ངང་ཡུལ་གཞན་དུ་ཁྲིམས་སྒྱུར་དང་ཕན་གཉེར་རང་བཞིན་གྱི་ཁྲིམས་སྒྱུར་ལ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། གྱོད་གཞི་སྒྲུབ་རྒྱུ་དང་ཁེ་ཕན་དོན་གཉེར་ཟུང་འབྲེལ་བྱེད་རིགས་གཏན་འགོག་བཅས་བྱས་ཏེ། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་བྱས་ཁར། གཉེར་སྐྱོང་བྱེད་པོ་སྣ་ཚོགས་ལ་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས།

མིག་སྔར། རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་ལ་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་བཞིན་ཡོད་ལ། མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལའང་གནོན་ཤུགས་འཕྲད་བཞིན་ཡོད། སང་ལོར་ལས་ཞུགས་བྱེད་དགོས་པའི་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིའི་གཞི་ཁྱོན་ཧ་ཅང་ཆེན་པོ་ཡོད་པས།“ལས་ཞུགས་བརྟན་པོ”ཡོང་བའི་ཐད་ལས་དོན་དེ་བས་མང་བ་སྒྲུབ་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལས་ཞུགས་དེ་དམངས་འཚོའི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་། དོན་དངོས་དང་ཟུང་འབྲེལ་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བསྟར་བ། ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་ལེན་བསྟར་བ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ། སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་དང་ལས་ཞུགས་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། ལས་ཞུགས་ཀྱི་སྤུས་ཚད་ལེགས་སུ་ནུས་ལྡན་དང་གྲངས་འབོར་ལུགས་མཐུན་འཕར་བར་སྐུལ་འདེད་རྒྱུན་མཐུད་གཏོང་བ་བཅས་བྱས་ཏེ། དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་དེ་བས་མང་བ་དང་དེ་བས་འདྲ་མཉམ་གྱི་ཕན་པ་ཐོབ་པར་བྱེད་དགོས།

(ཤིན་ཧྭ་གསར་འགྱུར་ཁང་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང) (ཚེ་བརྟན་སྒྲོལ་དཀར་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)