འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་21ཉིན།

༄༅།།ཞི་ཅིན་ཕིང་ལི་གཡོད་རེ་ནེ་ལུར་ཕེབས་འབྱོར་ཟིན་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པ་དང་པར་ཙིར་ལ་རྒྱལ་དོན་འཚམས་འདྲི་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་20ཉིན། 17:12】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ལི་གཡོད་རེ་ནེ་ལུའུ་རུ་ཕེབས་འབྱོར་ཟིན་ཞིང་། པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའུ་ལཱ་ཡི་གདན་ཞུས་ལྟར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པ་དང་པར་ཙིར་ལ་རྒྱལ་དོན་འཚམས་འདྲི་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ལི་གཡོད་རེ་ནེ་ལུའུ་རུ་ཕེབས་འབྱོར་ཟིན་ཞིང་། པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའུ་ལཱ་ཡི་གདན་ཞུས་ལྟར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པ་དང་པར་ཙིར་ལ་རྒྱལ་དོན་འཚམས་འདྲི་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་གཡོད་རེ་ནེ་ལུའུ་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ལི་གཡོད་རེ་ནེ་ལུའུ་རུ་ཕེབས་འབྱོར་ཟིན་ཞིང་། པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའུ་ལཱ་ཡི་གདན་ཞུས་ལྟར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པ་དང་པར་ཙིར་ལ་རྒྱལ་དོན་འཚམས་འདྲི་གནང་བ་རེད།

    ཆེད་གཏོང་གནམ་གྲུ་ལི་གཡོད་རེ་ནེ་ལུའུ་ཡི་ཅ་ལི་ཨང་མཁའ་དམག་རྟེན་གཞིར་འབྱོར་སྐབས། པར་ཙིར་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་རེད། པར་ཙིར་མཁའ་དམག་གི་དུང་གཏོང་མཁན་གྱིས་དུང་བཏང་སྟེ་གུས་འདུད་ཞུས་པ་དང་ས་གདན་དམར་པོའི་གཞོགས་གཉིས་སུ་གུས་དམག་རུ་སྟར་བསྒྲིགས་ནས་ཡོད།

    ཞི་ཅིན་ཕིང་གིས་གནམ་ཐང་དུ་ཡིག་ཐོག་གསུང་བཤད་གནང་ནས་པར་ཙིར་སྲིད་གཞུང་དང་པར་ཙིར་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ངས་པར་ཙིར་དུ་འཚམས་འདྲི་ཐེངས་4བྱེད་མྱོང་བས། པར་ཙིར་གྱི་ལོ་30ཡི་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་མིག་མཐོང་ལག་ཟིན་བྱུང་བ་མ་ཟད། སྤྲོ་སེམས་ཀྱིས་ཕྱུག་པའི་ས་གཞི་དེར་སླར་ཡང་འབྱོར་སྐབས་ང་ལ་སྙིང་ཉེ་བའི་ཚོར་སྣང་ཞིག་ཡོང་གི་འདུག ཀྲུང་གོ་དང་པར་ཙིར་ནི་གྲོགས་པོ་བློས་ཐུབ་ཅིག་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་མཁན་རོགས་ཟླ་ཡག་པོ་ཞིག་རེད། སའི་གོ་ལའི་ཤར་ཕྱེད་དང་ནུབ་ཕྱེད་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཀྲུང་གོ་དང་པར་ཙིར་རྒྱ་མཚོ་ཆེན་པོས་ཆོད་མོད། འོན་ཀྱང་ཕན་ཚུན་དབར་ཡིད་དབང་འགུག་པ་དང་ཕན་ཚུན་གཞོགས་འདེགས་ཀྱང་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་ཟབ་ཏུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། མི་ཆོས་རིག་གནས་མཉམ་ལས་ལ་གྲུབ་འབྲས་མང་པོ་ཐོབ་པ། སྲོལ་རྒྱུན་གྱི་མཛའ་གྲོགས་ལས་དུས་རབས་ཀྱི་གསོན་ཤུགས་གསར་པ་མངོན་པ། རྒྱལ་སྤྱིའི་ཐོག་གོ་ལ་ཧྲིལ་པོའི་ལྷོ་ཕྱོཌ་ཀྱི་དྲང་བདེན་འབོད་སྒྲ་མཉམ་དུ་བསྒྲགས་པ་བཅས་བྱས་ཏེ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

     ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་རྒྱལ་ཁབ་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་རྒྱུ་རེད། སྔ་འཛིན་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་ཀྱི་ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་འདིར་ངས་ཙུང་ཐུང་ལུའུ་ལཱ་དང་ལྷན་དུ་ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་ཐུབ་པའི་རེ་བ་ཡོད། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད། རྒྱལ་ཁབ་གཉིས་པོའི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་བས་ཆེ་རུ་དང་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་ནས་ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བའི“རྫོགས་ལྡན་གྱི་ལོ་50”ཕྱི་མ་གཏོད་པར་སྣེ་ཁྲིད་ཐུབ་པའི་ཡིད་ཆེས་ཡོད། ངས་ཀྱང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་ནས་ཕྱོགས་ཁག་དང་མཉམ་དུ་ཇུས་ཆེན་ཐུན་མོང་ཐོག་གྲོས་བསྡུར་དང་འཕེལ་རྒྱས་ཐུན་མོང་ཐོག་དོན་གཉེར་བྱས་ཏེ་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ཐུན་མོང་ཐོག་དར་སྤེལ་བཏང་ནས་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཡིན་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པས་མུ་མཐུད་ནུས་པ་དེ་བས་ཆེ་བ་འདོན་པར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

    ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་ཞུ་མཁན་གནམ་གྲུ་གཅིག་ལ་བཞུགས་ནས་ཕེབས་ཡོད་པ་རེད།

    པར་ཙིར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲུའུ་ཆིང་ཆའོ་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད།

    ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་པ་དང་ཕེ་རུར་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ཏེ་ལི་མ་ནས་ཞལ་གྱེས་སྐབས། ཕེ་རུའི་པུའུ་ཀྲང་ཚོགས་འདུའི་ཀྲུའུ་ཞི་ཨ་ཏེ་ལི་ཨན་སེན་དང་རྒྱལ་སྲུང་པུའུ་ཀྲང་ཨ་སི་ཐུའུ་ཏི་ལུའེ་སོགས་ཀྱིས་གནམ་ཐང་དུ་ཕེབས་སྐྱེལ་ཞུས་པ་རེད།

    ཞི་ཅིན་ཕིང་བཞུགས་པའི་རླངས་འཁོར་གསོལ་མགྲོན་ཁང་ནས་གནམ་ཐང་དུ་སྐྱོད་པའི་ལམ་བར་དུ་ས་གནས་དེ་གའི་དམངས་ཚོགས་མང་པོ་ལམ་གཡས་གཡོན་དུ་འཛོམས་ནས་རླངས་འཁོར་རུ་ཁག་ལ་ལག་པ་གཡུག་སྟེ་གུས་འདུད་ཞུས་པ་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་། ཀྲུང་གོའི་མ་འཇོག་སྒྲིག་གཞི། ཕྱི་སྦྱོང་སློབ་མ་བཅས་ཀྱི་འཐུས་མིས་ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲི་ཐུགས་གྲ་ལེགས་འགྲིག་བྱུང་བར་རྟེན་འབྲེལ་ཞུས་པ་རེད།