འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་17ཉིན།

༄༅།།ཞི་ཅིན་ཕིང་ལི་མར་ཕེབས་འབྱོར་ཟིན་པ། 

ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་པ་དང་ཕེ་རུར་རྒྱལ་དོན་འཚམས་འདྲི་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་17ཉིན། 12:36】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་མ་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ལི་མར་ཕེབས་འབྱོར་ཟིན་ནས། ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པོ་ལུའུ་ཨར་ཐེ་ཡི་གདན་ཞུས་ལྟར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་པ་དང་འབྲེལ་ཕེ་རུར་རྒྱལ་དོན་འཚམས་འདྲི་ཡང་གནང་བ་རེད།

ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ལི་མའི་ཁ་ཡ་ཨེ་མཁའ་དམག་རྟེན་གཞིར་འབྱོར་སྐབས་ཕེ་རུའི་པུའུ་ཀྲང་ཚོགས་འདུའི་ཀྲུའུ་ཞི་ཨ་ཏེ་ལི་ཨན་སེན་སོགས་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་ཤིང་། ས་གནས་དེ་གའི་སློབ་མས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ་བ་དང་རྒྱ་སྐད་ཀྱི་ཐོག་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་། གུས་དམག་གིས་ས་གདན་དམར་པོའི་གཞོགས་གཉིས་སུ་གྲལ་བསྒྲིགས་ནས་གུས་འདུད་ཞུས་པ་རེད།

ཞི་ཅིན་ཕིང་གིས་གནམ་ཐང་དུ་ཡིག་ཐོག་གསུང་བཤད་གནང་ཞིང་། ཕེ་རུ་སྲིད་གཞུང་དང་ཕེ་རུའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཕེ་རུའི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་མཛའ་གཅུགས་མི་སེམས་སུ་ཟུག་ཡོད། ཕེ་རུ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཕེ་རུའི་འབྲེལ་བར་རྒྱུན་མཐུད་འཕེལ་རྒྱས་གཏིང་ཟབ་བྱུང་ཡོད། ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཉིན་བཞིན་བརྟན་དུ་ཕྱིན་པ་དང་མཉམ་ལས་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་བརྟན་པོ་ཐེབས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ད་ཐེངས་ཀྱི་འཚམས་འདྲི་དེས་ཀྲུང་གོ་དང་ཕེ་རུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྣེ་ཁྲིད་ཐུབ་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གསར་པ་དེ་བས་མང་པོ་ཐོབ་པར་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་ཡོད། ངས་ཀྱང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་ཏེ་ཕྱོགས་ཁག་དང་མཉམ་དུ་སྒོ་དབྱེ་རྣམ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་། འཛམ་གླིང་གི་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པ་བཅས་ལ་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་ལྷན་དུ་གནམ་གྲུ་གཅིག་གི་ནང་ནས་ཕེབས་འབྱོར་ཟིན།

སྔོན་ནས་འབྱོར་ཟིན་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་ཕེ་རུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་སུང་དབྱང་ཡང་གནམ་ཐང་དུ་ཕེབས་བསུར་བཅར་བ་རེད།

ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་གནམ་ཐང་ནས་བཞུགས་གནས་གསོལ་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་། ཀྲུང་གོའི་མ་འཇོག་སྒྲིག་གཞི། ཕྱི་སྦྱོང་སློབ་མའི་འཐུས་མི། ས་གནས་དེ་གའི་དམངས་ཚོགས་བཅས་ཀྱིས་གཞུང་ལམ་གྱི་གཞོགས་གཡས་གཡོན་གཉིས་ནས་དགའ་བསུ་ཞུས་ཤིང་། ཀྲུང་ཕེ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ནས“ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕེ་རུར་འཚམས་འདྲི་གནང་རྒྱུ་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ”དང“ཀྲུང་ཕེའི་མཛའ་གྲོགས་ཁྲི་ལོར་བརྟན་པར་ཤོག”ཅེས་པ་སོགས་ཀྱི་འཕྲེད་འགེལ་ཡི་གེ་དམར་པོ་མཐོན་པོར་བསྒྲེངས་བ་དང་། རྔ་རྡུང་དར་འཕྱར་དང་འབྲུག་རྩེད་དང་སེང་རྩེད་རྩེས་ཏེ་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་པ་རེད།

པེ་ཅིང་ནས་ལི་མར་ཕེབས་པའི་ལམ་བར་དུ་ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་སི་ཕེན་གྱི་ཏ་ཅ་ནཱ་ལི་གླིང་ཕྲན་དུ་གནས་སྐབས་བབས་པ་དང་། ཏ་ཅ་ནཱ་ལི་རང་སྐྱོང་ཁུལ་དུ་བཅའ་སྡོད་སི་ཕེན་ཀྲུང་དབྱང་སྲིད་གཞུང་གི་དབང་ཆ་ཚང་མ་ཡོད་པའི་འཐུས་མི་དང་ས་གནས་དེ་གའི་མཐོ་རིམ་དཔོན་རིགས་གནམ་ཐང་དུ་བསུ་སྐྱེལ་ཞུ་བར་ཕེབས་པ་རེད། (ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)