འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་14ཉིན།

༄༅།།སི་ཁྲོན་རྔ་པ་སོགས་མཛེས་ལྗོངས་ཁུལ་མང་པོར་ཡུལ་སྐོར་གྱི་ཆེད་སྤྱོད་མེ་འཁོར་གཏོང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་14ཉིན། 14:44】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་གྱི་ཕྱི་དྲོར། ཀྲུང་གོ་ལྕགས་ལམ་ཁྲེང་ཏུའུ་ཅུས་ཚོགས་པ་ཚད་ཡོད་ཀུང་སིས་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཟུང་ཆུ་རྫོང་དུ་ཡུལ་སྐོར་ཐོན་རྫས་གསར་ཤོས་ཡོངས་བསྒྲགས་བྱས་ནས། སི་ཁྲོན་གྱི་མཛེས་ལྗོངས་ཁུལ་གྲགས་ཅན་མང་པོ་དང་འབྲེལ་མཐུད་བྱེད་པའི་ཡུལ་སྐོར་གྱི་ཆེད་སྤྱོད་མེ་འཁོར་དངོས་སུ་གཏོང་འགོ་ཚུགས་པ་རེད།

ད་ལོའི་ཟླ་5པ་ཚུན་དུ། ལྕགས་ལམ་སྡེ་ཚན་གྱིས་ས་གནས་རིག་གནས་ཡུལ་སྐོར་སྡེ་ཚན་དང་མཉམ་དུ་ལྕགས་ལམ་ཡུལ་སྐོར་ཐོན་རྫས་ལ་ཚོད་ལྟ་བྱས་ཏེ་མེ་འཁོར་གྱི་སྤ་སེ་ཉོས་པ་བརྒྱུད། གསེར་མཚོའི་གཟི་ཚྭ་སྡེ་དགུའི“ཤུགས་འགྲེམས་མེ་འཁོར་གྱི་སྤ་སེ་དང་། རླངས་འཁོར་གྱི་སྤ་སེ། མཛེས་ལྗོངས་ཁུལ་གྱི་སྤ་སེ”བཅས་སྤ་སེ་གསུམ་གཅིག་ཏུ་བསྒྲིལ་ནས་ཞག་སྡོད་སོགས་ཀྱི་སྦྲེལ་མཐུད་ལས་དོན་ཡག་པོ་བསྒྲུབས་ཡོད། མིག་སྔར་སི་ཁྲོན་ནས་མཚོ་སྔོན་བར་གྱི་ཡུལ་སྐོར་ཆེད་སྤྱོད་ཤུགས་འགྲེམས་མེ་འཁོར་205བཏང་ནས་ཡུལ་སྐོར་འཛད་སྤྱོད་སྒོར་དུང་ཕྱུར་2.5འཕར་བར་སྐུལ་ཁྲིད་བྱས་ཡོད།

དེའི་རྨང་གཞིའི་ཐོག་ལྕགས་ལམ་སྡེ་ཚན་གྱིས་ས་མཐོའི་ཤུགས་འགྲེམས་མེ་འཁོར་སྤྱད་དེ་ཡུལ་སྐོར་གྱི་ཆེད་སྤྱོད་ལྕགས་ལམ་ཐོན་རྫས་སྔར་བས་གསར་སྤེལ་བྱས་ནས་ཡུལ་སྐོར་གྱི་ཆེད་སྤྱོད་མེ་འཁོར་གཏོང་འགོ་ཚུགས་ཡོད། ཡོངས་བསྒྲགས་མཛད་སྒོའི་ཐོག རང་རྒྱལ་གྱི་ལྕགས་ལམ་ཡུལ་སྐོར་ཁེ་ལས་18ཀྱིས་རྔ་པ་ཀྲོའུ་རིག་གནས་ཡུལ་སྐོར་ཅུས་དང་གན་རྒྱ་བཞག་སྟེ། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་མྱུར་ཚད་སྤྱིར་བཏང་གི་ཡུལ་སྐོར་མེ་འཁོར་བཏང་སྟེ་མཐར་ཁྲེང་ཏུའི་ཡུལ་སྐོར་མེ་འཁོར་གྱི་ཆེད་གཏོགས་རྟེན་གཞིའི་བབས་ཚུགས་ཨན་ཅིང་བབས་ཚུགས་སུ་འབྱོར་གྱི་ཡོད།

ཁྲེང་ཏུའུ་ལྕགས་ལམ་ཚོང་ལས་ཡུལ་སྐོར་ཀུང་སིའི་ཏུང་ཧྲི་ཀྲང་ཚའེ་ཞུན་གྱིས། རང་རྒྱལ་དུ་ཡུལ་སྐོར་མེ་འཁོར་མང་དུ་འགྲོ་བཞིན་ཡོད་པས། ཡུལ་སྐོར་མཁོ་སྤྲོད་འཁོར་འབྲེལ་ཁྲོད“འཕྲུལ་འཁོར་ཨ་མའི”སྐུལ་ཁྲིད་ནུས་པ་ཡག་པོ་བཏོན་ནས། ཡུལ་སྐོར་བར་དེ་བས་སྟབས་བདེ་དང་དེ་བས་གཅིག་སྡུད་ཀྱི་ཡུལ་སྐོར་གདམ་ག་མཁོ་འདོན་བྱེད་པ་དང་། མཛེས་ལྗོངས་ཁུལ་ལ་འགྲུལ་ཁུངས་དེ་བས་བརྟན་པོ་མཁོ་འདོན་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

(པད་ཆོས་ཀྱིས་བསྒྱུར། ཉི་དོན་གྱིས་ཞུས)