འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་12ཉིན།

༄༅།།ཡུན་ནན་བདེ་ཆེན་ནས་གསའ་ཐོག་མར་པར་ལེན་ཐུབ་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་12ཉིན། 13:50】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་11ཚེ་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་9ཉིན། གསར་འགོད་པར་ཡུན་ནན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་དབྱེ་འབྱེད་དང་དཔྱད་འདོམས་བྱས་པ་བརྒྱུད། བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡི་ས་ཆ་མི་འདྲ་བ་གཉིས་སུ་བཙུགས་པའི་དམར་ཕྱིའི་པར་ཆས་ཀྱིས་གསའ་པར་ལེན་ཐུབ་ཡོད། འདི་ནི་ཡུན་ནན་གྱིས་ཕྱི་རོལ་ནས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་གསའ་ལྟ་ཞིབ་ཚད་ལེན་དང་དངོས་སུ་པར་ལེན་ཐེངས་དང་པོ་ཡིན་ཞིང་། དེ་ཐོག་ནས་ཧ་ཅང་སྟོངས་ལ་ཉེ་བའི་སྲོག་ཆགས་གསའ་ཡུན་ནན་ཞིང་ཆེན་དུ་འཚོ་སྡོད་བྱེད་པ་ར་སྤྲོད་ཐུབ་ཡོད་པ་རེད།

“གསའ་ནི་ས་བབ་མཐོ་སར་འཚོ་གནས་བྱེད་པའི་རྐྱེན་གྱིས། དམིགས་སའི་རང་བཞིན་ལྡན་པའི་ཆ་ལག་ཚང་བའི་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་བྱེད་དཀའ་བས། ལོ་མང་རིང་ཡུན་ནན་ནས་སྲོག་ཆགས་དེ་ཕྱི་རོལ་ནས་པར་ལེན་ཐུབ་མེད”ཅེས་ཀྲུང་གོ་ཚན་རིག་ཁང་ཁུན་མིང་སྲོག་ཆགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཅང་ཞུའེ་ལུང་གིས་བརྗོད་པ་དང་། ཁོང་གིས། ད་ཐེངས་ཡུན་ནན་ཞིང་ཆེན་ནུབ་བྱང་ཁུལ་ནས་གསའ་པར་ལེན་ཐུབ་པ་དེས་སྲོག་ཆགས་དེ་ཡུན་ནན་ཞིང་ཆེན་དུ་འཚོ་སྡོད་བྱེད་པ་ར་སྤྲོད་ཐུབ་ཡོད་ཅེས་བརྗོད་པ་རེད།

ཚུར་སྡུད་པའི་དམར་ཕྱིའི་པར་ཆས་དེ་གཉིས་སེམས་ཀྱི་ཉི་ཟླ་རྒྱལ་ཁབ་སྤྱི་གླིང་འདེམས་སྒུག་ཁུལ་གྱི་ས་བབ་མཐོ་ཚད་སྨི་4500དང་བདེ་ཆེན་རྫོང་གཡག་རྭ་ཤང་གི་ས་བབ་མཐོ་ཚད་སྨི་4800ཡི་ལྟ་ཞིབ་ཚད་ལེན་ས་ཚིགས་སོ་སོར་བཙུགས་ཡོད་པ་དང་། གསའ་པར་བླངས་པའི་དུས་ཚོད་ནི་2024ལོའི་ཟླ་2ཚེས་19ཉིན་དང་ཟླ་2ཚེས་17ཉིན་ཡིན་པ་རེད།

ཡུན་ནན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁྲུའི་ཁྲུའུ་ཀྲང་ལི་ཕུང་གིས། ད་ཐེངས་གསའ་རྙེད་པ་དེ་ལས་སེམས་ཀྱི་ཉི་ཟླ་རྒྱལ་ཁབ་སྤྱི་གླིང་འདེམས་སྒུག་ཁུལ་ནི་གསའ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བདུན་བདར་དངོས་རིགས་ཁྱབ་ཁུལ་གྱི་གྲས་ཤིག་ཡིན་པ་མཚོན་ལ། འཕྲེད་རྒྱུག་རི་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་མཛུབ་ཁྲིད་བྱེད་པར་དོན་སྙིང་གལ་ཆེན་ཡང་ལྡན་ཡོད་པ་རེད།

(ཟླ་ཕུར་གྱིས་བསྒྱུར། བསྟན་བློས་ཞུས)