འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་11ཉིན།

༄༅།།སྔོ་ལྗང་ཁོར་ཡུག་ལེགས་པར་བསྲུངས། ནུབ་རྒྱུད་སྔར་བས་མཛེས་པར་གྱུར།

—— ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཆེན་པོར་ལྟ་ཞིབ་བྱས་པའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་11ཉིན། 14:06】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཧྲང་ཚའེ་དང་། ཝུན་ཅིང་། ཀྲའོ་ཕེ་རན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ནུབ་རྒྱུད་ས་གནས་ཁག་གིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ཏེ། རི་ཆུ་ནགས་ཞིང་དང་། མཚོ་མཚེའུ། རྩྭ་ཐང་། བྱེ་ཐང་། འཁྱགས་རོམ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་གཅིག་འདོམས་སྐུལ་འདེད་བཏང་བས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་སོང་ནས་ལྗང་མདོག་ཐོན་ལས་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་བྱུང་ཞིང་། ད་ཆ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་འགྲོ་བའི“ནུབ་རྒྱུད་ཀྱི་མཉམ་གཞས་ཆེན་པོ”ཞིག་མེས་རྒྱལ་གྱི་ས་གཞི་ཆེན་པོར་གྲགས་ཡོད།

སྲུང་སྐྱོང་ཆེན་པོ་བྱས་པས། རྩྭ་རྩི་ཤིང་དང་སྲོག་ཆགས་ལ་གཏོར་སྐྱོན་བྱུང་མེད་པ།

མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཡང་རྩེ་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་ཡིན། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་སྲོལ་ཡིག་དང་། རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ཀྱི་སྲོལ་ཡིག བཟོ་བཅོས་བྱས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྲོལ་ཡིག་བཅས་ལག་ལེན་བསྟར་རྒྱུའི་ཁྱབ་བསྒྲགས་བྱས་པས་སྐྱེ་ཁམས་ཀྱི་མཐའ་ཚད་བརྟན་པོ་སྲུང་བར་ཁྲིམས་སྐྱོང་གི་འདེགས་སྐྱོར་ཆེན་པོ་ཐུབ་ཡོད།

“ང་ཚོས་རྒྱལ་ཁབ་སྤྱི་གླིང་གིས་གཙོས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་བཙུགས་པ་ནས་བཟུང་། སྤྱི་ལེ་ངོས་གྲུ་ཁྲི་60ལྷག་ཙམ་ཟིན་པའི་རྒྱལ་ཁབ་ཀྱི་ས་ཆ་དེ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་པ་དང་། རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བཙུགས་པར་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་གྱི་ཡོད”ཅེས་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐིང་གི་འབྲེལ་ཡོད་འགན་འཁུར་བས་བཤད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྐྱེ་ཁམས་ཉམས་ཞན་གྱི་ནུབ་རྒྱུད་ས་ཁུལ་གྱིས་ཡུལ་བབ་དང་བསྟུན་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དམག་འཐབ་སྟེ་རྨ་ཆུ་སྲུང་སྐྱོང་བྱས་ནས་ལམ་ལུགས་དང་འཆར་འགོད་རབ་དང་རིམ་པ་སྔ་རྗེས་སུ་བཟོས་པ་སྟེ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད》ལག་ལེན་བསྟར་བ་དང་། མ་ཡུམ་གཙང་པོ་སྲུང་སྐྱོང་གི་ཕུགས་ཕན་འཆར་གཞི་བཀོད་པ། རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས་2023ལོའི་ཟླ་4ཚེས་1ཉིན་ནས་ལག་ལེན་བསྟར་ཏེ་རྨ་ཆུ་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱས་པ་སོགས་རེད།

ལོ་མང་རིང་། ཀན་སུའུ་ཞིང་ཆེན་གྱིས་ཀན་ལྷོའི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་འགོའི་ཆུ་རྩ་གསོ་ཁུལ་སོགས་ས་ཁུལ་དུ་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་འཛུགས་སྐྲུན་གྱི་ལས་གྲྭ་ཁག་གཅིག་ལག་ལེན་གང་མགྱོགས་བསྟར་ཞིང་། རྨ་ཆུའི་ཁུག་སོ་དང་པོའི་བྱེ་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་མི་ཆད་པར་བརྒྱབ་པས། སྔོན་མ་ཆུ་བོའི་བྱེ་སའི་གནོད་སྐྱོན་དང་བྱེ་མ་མང་དུ་སོང་ནས་རྩྭ་ར་ཉམས་ཞན་དུ་གྱུར་པའི“གནམ་འོག་གི་རྨ་ཆུའི་ཁུག་སོ་དང་པོར”སྔོ་ཐིང་ཐིང་གི་རྣམ་པ་སླར་ཡང་མངོན་ཡོད།

ཉམས་ཞན་དང་གཏོར་སྐྱོན་ཕོག་སླ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལམ་སྲོལ་ལག་ལེན་བསྟར་ཞིང་། 2021ལོའི་ཟླ་བཅུ་པར་གཙང་གསུམ་ཆུ་འགོ་ཚུད་པའི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཁག་དང་པོ་5དངོས་སུ་བཙུགས་ཡོད། ད་ཆ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྲུང་སྐྱོང་ཡོད་པས་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཏེ་གཙོད་ཀྱི་གྲངས་འབོར་ཡང་ཐོག་མའི་ཁྲི་2ཡང་མ་ཟིན་པ་ནས་ཁྲི་7ལྷག་ཙམ་བར་སླར་གསོ་བྱུང་བ་དང་། གསའི་ཁྱུ་ཚོགས་1200ལྷག་ཙམ་ཟིན་ཡོད།

བཅོས་སྐྱོང་ཆེན་པོ་བྱས་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་བཅད་བརྟན་དུ་ཕྱིན་པ།

མདོ་ལ་རིང་མོར་རང་རྒྱལ་ནུབ་རྒྱུད་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བཅད་གལ་ཆེན་བསྐྲུན་ཡོད། དེ་སྔོན་གཏེར་ཁ་བསྔོགས་འདོན་དང་། ཆུ་ཤུགས་གློག་ཁང་སྐྲུན་པ། ཡུལ་སྐོར་འཕེལ་རྒྱས་གཏོང་བ་བཅས་མདོ་ལ་རིང་མོར་འཁྲུག་ཆ་ཧ་ཅང་དོད་པོ་བྱུང་ནའང་། གསར་སྤེལ་ཚད་ལས་བརྒལ་བ་དང་གོ་རིམ་མེད་པ་དེས་ཀྱང་ཉམས་ཞན་གྱི་སྐྱེ་ཁམས་མ་ལག་དང་རྩྭ་རྩི་ཤིང་ལ་གཏོར་སྐྱོན་ཕོག་གི་ཡོད།

2017ལོར་མདོ་ལ་རིང་མོའི་སྐྱེ་ཁམས་ཁོར་ཡུག་གི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་བཅོས་སྐྱོང་བྱས་ཡོད། ལོ་མང་འབད་བརྩོན་བྱས་པ་བརྒྱུད་གཏེར་ལས་དབང་ཆ་རིགས་ཁག་144མེད་པར་བཟོས་པ་དང་། ཆུ་ཤུགས་གློག་ཁང་41རིགས་ཕྱེ་ནས་ཐག་གཅོད་བྱས་པ། ཡུལ་སྐོར་སྒྲིག་ཆས་རྣམ་གྲངས་25བཅོས་སྒྲིག་ལེགས་སྒྲུབ་སོགས་བྱས་ནས་སྲུང་སྐྱོང་ཁུལ་གྱི་གཏོར་སྐྱོན་ཕོག་པའི་སྐྱེ་ཁམས་མ་ལག་ཉམས་པ་སླར་གསོ་བྱུང་ཡོད།

ཡུན་ནན་ཧྥུའུ་ཤན་མཚོ་ནི་རང་རྒྱལ་དུ་མང་པོ་དེ་ཙམ་མེད་པའི་རིགས་དང་པོའི་ཆུའི་སྤུས་ཚད་ཀྱི་ཚད་ལོན་པའི་ཚྭ་མེད་མཚོ་ཞིག་ཡིན་པ་དང་། ཆུ་བོ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཞན་པོ་ཡོད། ཧའོ་རུང་ཁུན་གྱི་ཁྱིམ་ཚང་མི་རབས་ནས་མི་རབས་བར་ཧྥུའུ་ཤན་མཚོ་འགྲམ་དུ་འཚོ་བ་བསྐྱལ་ནས་སྡོད་ཀྱི་ཡོད། ལོ་འགའི་གོང་། ཁོང་དང་ཡུལ་མི་ཚོ་ཕ་ཡུལ་ནས་སྤོས་པ་རེད། སྔོན་མའི་ཁང་པ་རྒྱག་ས་ད་ཆ་སྔོ་ཐིང་ཐིང་གི་འདམ་རར་གྱུར་ཡོད། “ཕ་ཡུལ་གྱི་ཁོར་ཡུག་སྔར་བས་མཛེས་པོ་ཡོང་ཆེད་ང་ཚོས་བློས་གཏོང་བྱེད་རིན་ཆོག་སོང”ཞེས་ཧའོ་རུང་ཁུན་གྱིས་བཤད།

“ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། ཡུན་ནན་གྱིས་མཚོ་མཚེའུ་རྒྱུག་ཁུལ་གཙོ་བོར་དམིགས་ནས་ཧྥུའུ་ཤན་མཚོ་རྒྱུད་ཀྱི་རི་ཆུ་ནགས་ཞིང་དང་། མཚོ་མཚེའུ་དང་། རྩྭ་རའི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་འདུ་འགོད་ཚོད་ལྟ་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་ཞིང་། མིག་སྔར་ཧྥུའུ་ཤན་མཚོར་ཆུ་འགོའི་ཆུ་རྩ་གསོ་ཁུལ་རྒྱ་ཁྱོན་མུའུ་ཁྲི་13མང་དུ་ཕྱིན་ནས་མཚོ་ཧྲིལ་པོའི་ཆུའི་སྤུས་ཚད་རིགས་དང་པོ་རྒྱུན་འཁྱོངས་ཐུབ་ཡོད།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་ནུབ་རྒྱུད་དུ་རི་སྔོ་ཞིང་གནམ་དྭངས་པོ་ཡོང་བར་བྱས་ཡོད།

སྟོན་ཟླ་བཅུ་པར་སི་ཁྲོན་ནེ་ཅང་གྲོང་ཁྱེར་ཆིང་ཤིས་འདམ་རའི་སྤྱི་གླིང་གི་ཐུའོ་ཅང་གཙང་པོའི་ངོས་སུ་ཉི་འོད་འཕྲོས་ནས་ངོགས་གཉིས་ཀྱི་འདམ་རྩྭའི་མེ་ཏོག་རླུང་དང་འགྲོགས་ཏེ་འགུལ་བཞིན་ཡོད།

ཐུའོ་ཅང་གཙང་པོ་ནི་འབྲི་ཆུའི་ཆུ་ལག་གལ་ཆེན་ཞིག་ཡིན། དུས་རབས་20པའི་ལོ་རབས་དགུ་བཅུ་པ་ནས་བཟུང་། བཟོ་ལས་ཅན་དང་གྲོང་ཁྱེར་ཅན་གྱི་འཕེལ་རིམ་ཟམ་མི་ཆད་པར་མགྱོགས་སུ་ཕྱིན་པ་དང་ཐུའོ་ཅང་གཙང་པོ་སི་ཁྲོན་དང་ཐ་ན་འབྲི་ཆུའི་སྟོད་རྒྱུད་ཀྱི་སྦགས་བཙོག་ཚབས་ཆེ་ཤོས་ཀྱི་ཆུ་བོར་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་གྱིས་ཁོར་ཡུག་གི་ཁྲིམས་འགལ་གྱོད་གཞི་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱས་ནས་རིམ་པ་ལྔ་པའི་ཆུ་དཔོན་ཁྲི་1ལྷག་ཙམ་བསྐོས་པ་དང་ཆུ་བོ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་བཙུགས་ཏེ་ཆུའི་སྦགས་བཙོག་འགོག་བཅོས་བྱེད་སྟངས“ཁ་ཐོར་བཅོས་སྐྱོང”ནས“མཐུན་སྦྱོར་བཅོས་སྐྱོང”ལ་གྱུར་པས་ཐུའོ་ཅང་གཙང་པོ་སླར་ཡང་དྭངས་ཤིང་གཙང་བར་གྱུར་ཡོད།

སྔོ་ལྗང་གི་བྱ་སྤྱོད་སྤེལ་བས། ནུབ་རྒྱུད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་བསྣན་པ།

ཡར་ཀླུང་གཙང་པོ་དང་ཉང་ཆུའི་འདྲེས་མཚམས་ཀྱི་ཉིང་ཁྲིར་རྒྱ་ཁྱོན་མུའུ་ཁྲི་13ལྷག་ཙམ་ཟིན་པའི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཆགས་ཡོད།

སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དབྱེ་འབྱེད་གཏན་འབེབས་དང་འདམ་རའི་སྤྱི་གླིང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང་སྦྲགས་ཕྱུགས་འཚོ་མཚམས་བཞག་པའི་བྲག་ཡིབ་ཆུས་ཀྱི་མང་ཚོགས་ཚོས་སྐྱེ་ཁམས་ཡུལ་སྐོར་སོགས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་འགོ་ཚུགས་ཤིང་། 2023ལོར་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་27.76ལ་སྣེ་ལེན་ཞུས་པར་མཛེས་ལྗོངས་ཁུལ་གྱི་ཡོང་འབབ་སྒོར་ཁྲི་1875ཟིན་ཡོད།

ཡུན་ནན་ཞིང་ཆེན་གྱི་ལྗང་མདོག་ནུས་རྒྱུ་གསར་སྤེལ་ཆོག་པའི་ཁྱོན་ཆན་ཝ་དུང་ཕྱུར་2ཟིན་ཡོད། ཉེ་བའི་ལོ་ཤས་རིང་། ཡུན་ནན་ཞིང་ཆེན་གྱི་རླུང་གློག་དང་འོད་ཤུགས་གསར་སྤེལ་ཕྱོགས་ཡོངས་ནས་མགྱོགས་སུ་བཏང་བར་རིམ་རྩིས་བྱས་ན་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་8270ཟིན་ཡོད། “ལྗང་མདོག་གློག་ནུས”སྟོབས་ཆེན་ཡུན་ནན་ཞིང་ཆེན་གྱི་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་གཏོང་བའི་འདེགས་སྐྱོར་ནུས་ལྡན་ཞིག་ཏུ་གྱུར་ཡོད།

ཉེ་བའི་ལོ་ཤས་རིང་། སྒུལ་ཤུགས་གློག་རྫས་སོགས་ཀྱིས་མཚོན་པའི་ལྗང་མདོག་གི་ནུས་རྒྱུ་གསར་པའི་ཐོན་ལས་སི་ཁྲོན་དུ་དར་འགོ་ཚུགས་ཡོད། བསྡོམས་རྩིས་ལ་གཞིགས་ཚེ། རིམ་རྩིས་བྱས་ན་2023ལོར་སི་ཁྲོན་ཞིང་ཆེན་གྱིས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ལྗང་མདོག་བཟོ་གྲྭ་657དང་། ལྗང་མདོག་བཟོ་ལས་གླིང་89 ལྗང་མདོག་འཁོར་འབྲེལ་དོ་དམ་ཁེ་ལས་11བཅས་བཙུགས་པ་དང་། རིམ་རྩིས་བྱས་ན་སི་ཁྲོན་གྱི་ཐཱན་རྒྱུ་ཁྲོམ་རས་ཐཱན་ཏུན་ཁྲི་3800བཙོངས་ཡོད།

རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་རྒྱུར་དམིགས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་འོད་ཤུགས་དང་རླུང་གློག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ཟླ་6ཚེས་30ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་གློག་ཁུངས་ཀྱི་སྤྱིའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་5772.86ཟིན་པའི་ཁྲོད་ནུས་རྒྱུ་གཙང་མའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་5383.72ཟིན་ཡོད།

“སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གིས་ནུབ་རྒྱུད་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྒུལ་ནུས་གསར་པ་བསྣན་ཡོད”ཅེས་ཡུན་ནན་སློབ་ཆེན་སྐྱེ་ཁམས་རིག་པའི་ཆེད་མངགས་གདན་ཞུས་དགེ་རྒན་ཆེ་མོ་བ་ཏོན་ཁྲང་ཆུན་གྱིས་བརྗོད་པ་དང་། ཁོང་གིས་དེ་བས་ལྗང་མདོག་དང་། དེ་བས་སྒོ་དབྱེ། དེ་བས་མཛེས་སྡུག་བཅས་ལྡན་པའི་ནུབ་རྒྱུད་འགོ་འཛུགས་ས་གསར་པའི་ཐོག་ནས་དུས་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་པ་དང་རྩོམ་མུས་ལགས།

(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)