གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 11ཚེས་08ཉིན། 11:04】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།“ཉེ་ཆར། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཞིང་ཆེན་ཚོང་དོན་ཐིང་དུ་བཅའ་སྡོད་ཞིང་ཆེན་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་དང་། ཞིང་ཆེན་སློབ་གསོ་ཐིང་དང་མཉམ་དུ་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ནས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་8ཀྱི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་ཁྱོན་ཡོངས་ནས་ལྟ་བཤེར་བྱས་པ་རེད” ཟླ་11ཚེས་5ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཐེངས་འདིའི་ལྟ་བཤེར་རིང་ཁ་ལག་ཟ་མཁན་ཅུང་མང་བའི་སློབ་གྲྭ་དང་དེ་བཞིན་སློབ་གྲྭའི་བཟའ་བཅའ་མཁོ་འདོན་ཚོང་པ་དེ་དག་ཞིབ་བཤེར་བྱ་ཡུལ་གཙོ་བོར་བྱས་ཏེ་ཟ་ཁང་གཉེར་སྐྱོང་བས(འགན་གཙང་ལེན་མཁན)འབྲེལ་ཡོད་གཏན་འབེབས་དང་ཚད་གཞིར་ནན་པོར་གཞིགས་ནས་བཟའ་བཏུང་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་མེད་དང་། ལས་ཞུགས་མི་སྣའི་བདེ་ཐང་དོ་དམ་གྱི་ལས་ཀ་བླང་བྱ་དང་མཐུན་མིན། “འགོག་གསུམ”སྒྲིག་བཀོད་སྒྲིག་ཆས་ཆ་ཚང་མིན། བཟའ་བཅའ་ལས་སྣོན་དང་ཟ་ཁང་གི་ཁོར་ཡུག་གཙང་མ་ཡོད་མེད་བཅས་ལ་ཞིབ་བཤེར་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་བཟའ་བཅའི་རྒྱུ་ཆ་མཁོ་འདོན་ཚོང་པར་ཉོ་སྒྲུབ་གྲོས་མཐུན་ལ་ནན་པོར་གཞིགས་ནས་བཟའ་བཅའི་རྒྱུ་ཆ་སྤུས་ཚད་ལེགས་པོ་མཁོ་སྤྲོད་བྱེད་པ་དང་། མཁོ་འདོན་བྱས་པའི་འཛིན་ཤོག་དྲང་བདེན་དང་ལུགས་མཐུན་ཡིན་པར་འགན་ལེན་བྱེད་པ། སྲན་མའི་རིགས་ཀྱི་བཟའ་བཅའ་དང་ཤ་རིགས་སོགས་རུལ་སླ་བའི་ཐོན་རྫས་མཛོད་ཁང་ནས་མ་བཏོན་གོང་སླར་ཡང་ཞིབ་བཤེར་བྱས་ཏེ་ཚད་གཞི་མ་ལོན་པའི་མ་བཅོས་རྒྱུ་ཆ་མི་ཐོན་པ་བཅས་ཀྱི་བླང་བྱ་ནན་པོ་བཏོན་པ་དང་ཆབས་ཅིག སློབ་གྲྭའི་འགན་འཁུར་བར་ཟ་རོགས་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། མི་སྣར་དོ་དམ་དང་གསོ་སྦྱོང་ཡག་པོ་བྱེད་པ། ཟ་ཁང་གི་ལས་མིར་ལས་རིམ་ལ་ནན་པོར་གཞིགས་ནས་ལས་ཀ་བྱས་ཏེ་ཕན་ཚུན་སྦགས་བཙོག་མི་ཡོང་བ་བྱེད་པ། མཛོད་ཉར་དུས་ཐོག་ཏུ་གཙང་སེལ་བྱས་ནས་དུས་ཚད་ལས་ཡོལ་བའི་བཟའ་བཅའ་ཉར་སྤྱོད་མི་བྱེད་པ་བཅས་ཀྱི་བླང་བྱ་ཡང་བཏོན་པ་རེད། དེའི་རིང་། ཁྱོན་སློབ་གྲྭ་93དང་བཟའ་བཅའི་རྒྱུ་ཆ་མཁོ་འདོན་ཚོང་པ་3ལ་ཞིབ་བཤེར་བྱས་པར་གནད་དོན་172ཤེས་རྟོགས་བྱུང་བ་ལས་136དུས་བཀག་ནང་དག་ཐེར་བྱེད་དུ་བཅུག་པ་དང་། གནད་དོན་གཞན་དག་ཚང་མ་ཁོངས་གཏོགས་དེའི་སློབ་གསོ་སྡེ་ཚན་ལ་དག་ཐེར་བྱ་རྒྱུར་རྩིས་སྤྲད་པ་རེད།
(དམ་ཆོས་མི་ཕམ་གྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)