མི་བཞུགས་འཕུར་སྐྱོད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 11ཚེས་06ཉིན། 10:07】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ནི་ལྷ་གྲུ་ཨང་བཅོ་བརྒྱད་པའི་འཇིག་རྟེན་འཕུར་སྐྱོད་པ་ཡེ་ཀོང་ཕུའུ་དང་། ལི་ཚུང་། ལི་ཀོང་སུའུ(གཡོན་ནས་གཡས་བར)བཅས་གྲུ་ཚང་ནས་བདེ་བླག་ངང་འདོན་བཞིན་པ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་4ཉིན་གྱི་ཆུ་ཚོད་01དང་སྐར་མ་24ཡི་ཐོག་ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་བཞུགས་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་ཤར་རླུང་འབབ་ཐང་དུ་བདེ་བླག་ངང་བབས་ཡོད། སྨན་བཅོས་ལྟ་ཞིབ་དང་སྨན་བཅོས་བདེ་སྲུང་བས་ས་གནས་ས་ཐོག་ཏུ་འཇིག་རྟེན་འཕུར་སྐྱོད་པ་ཡེ་ཀོང་ཕུའུ་དང་། ལི་ཚུང་། ལི་ཀོང་སུའུ་བཅས་ཀྱི་གཟུགས་པོའི་གནས་ཚུལ་ཡག་པོ་ཡོད་པ་གཏན་འཁེལ་བྱས་པ་དང་། ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་རེད།
ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གཞུང་དོན་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཆུ་ཚོད་0དང་སྐར་མ་34ཙམ་ལ་པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཀྱིས་ས་ངོས་ཀྱི་ཚད་ལེན་ཚོད་འཛིན་ས་ཚིགས་བརྒྱུད་ཕྱིར་ལོག་རྒྱུའི་བཀའ་བཏང་བ་དང་ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་བཞུགས་འཕུར་གྲུའི་འཁོར་ལམ་གྲུ་ཚང་དང་ཕྱིར་ལོག་གྲུ་ཚང་བདེ་བླག་ངང་ཁ་གྱེས་ཡོད། དེ་རྗེས། ཕྱིར་ལོག་འཕུར་གྲུའི་བཀག་གཏོང་སྒུལ་བྱེད་འཕྲུལ་འཁོར་ལ་མེ་སྤོར་བ་དང་། ཕྱིར་ལོག་གྲུ་ཚང་བདེ་བླག་ངང་འབབ་ཐང་དུ་བབས་པ། འཚོལ་སྐྱོབ་ཚུར་བསྡུའི་ལས་འགན་འཁུར་མཁན་འཚོལ་སྐྱོབ་ཡན་ལག་རུ་ཁག་གིས་དམིགས་འབེན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་དང་འབྲེལ་འབབ་ཐང་དུ་འབྱོར་བ་ཡང་དུས་ཐོག་ཏུ་ཤེས་རྟོགས་ཐུབ་ཡོད། ཕྱིར་ལོག་གྲུ་ཚང་གི་སྒོ་ཕྱེ་རྗེས་སྨན་བཅོས་ལྟ་ཞིབ་དང་སྨན་བཅོས་འགན་ལེན་མི་སྣས་འཇིག་རྟེན་འཕུར་སྐྱོད་པའི་གཟུགས་པོ་བདེ་ཐང་ཡིན་པ་གཏན་འཁེལ་བྱས་པ་རེད།
ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་བཞུགས་འཕུར་གྲུ་དེ་2024ལོའི་ཟླ་4ཚེས་25ཉིན་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས་པ་དང་། དེ་རྗེས་མཁའ་མཐུན་ལྟེ་ཚང་དང་སྦྲེལ་མཐུད་བྱས་ནས་སྡེབ་སྒྲིག་ཕུང་པོ་ཆགས་ཡོད། འཇིག་རྟེན་འཕུར་སྐྱོད་པ་གསུམ་འཁོར་ལམ་དུ་ཉིན་192བསྡད་ཅིང་། དེའི་རིང་གྲུ་ཚང་ནས་དོན་པའི་བྱེད་སྒོ་ཐེངས་2སྤེལ་ནས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པའི་གྲུ་ཚང་ནས་དོན་པའི་བྱེད་སྒོ་ཐེངས་རྐྱང་པའི་དུས་ཚོད་ཀྱི་ཟིན་ཐོ་གསར་པ་གཏོད་པ་དང་། བར་སྣང་ས་ཚིགས་ཀྱི་བར་སྣང་སིལ་ཧྲུག་འགོག་སྲུང་སྒྲིག་ཆས་སྒྲིག་སྦྱོར་དང་དངོས་ཟོག་གྲུ་ཚང་ནས་འདོན་པའི་ལས་འགན་ཐེངས་མང་སྒྲུབ་པ། སྔ་རྗེས་སུ་གྲུ་ཚང་ཕྱི་ནང་གི་སྒྲིག་ཆས་སྒྲིག་སྦྱོར་དང་། ཚོད་ལྟ། ཉམས་གསོ་སོགས་ཀྱི་ལས་དོན་ཁག་སྤེལ་བ་བཅས་བྱས་ནས། བར་སྣང་ས་ཚིགས་ཡུན་རིང་འཁོར་ལམ་དུ་འཁོར་སྐྱོད་བརྟན་པོ་ཡོང་བར་རྩ་ཆེའི་གྲངས་གཞི་དང་ཉམས་མྱོང་སྔར་བས་བསགས་ཡོད། དེ་དང་ཆབས་ཅིག་ད་དུང་ས་ངོས་ཚན་ཞིབ་མི་སྣའི་གཞོགས་འདེགས་དམ་ཟབ་འོག་ས་སྙིང་ཐེན་ཤུགས་ཕྲན་བུ་དང་འབྲེལ་བ་ཡོད་པའི་རྨང་གཞིའི་དངོས་ལུགས་དང་། བར་སྣང་རྒྱུ་ཆའི་ཚན་རིག བར་སྣང་ཚེ་སྲོག་ཚན་རིག འཇིག་རྟེན་འཕུར་སྐྱོད་གསོ་རིག འཇིག་རྟེན་འཕུར་སྐྱོད་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་བར་སྣང་ཚན་རིག་གི་ཚོད་ལྟ་འབོར་ཆེན་ལེགས་གྲུབ་བྱུང་བ་རེད།