འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་15ཉིན།

༄༅།།“དམངས་ལ་བདེ་སྐྱིད་སྐྲུན་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་དགོས”

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་15ཉིན། 13:49】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་གྱི་གསར་འགོད་པ། སུང་ཅིང་སི།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང“ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ་སྲིད་དོན་ལས་རྗེས་ཀྱི་ལྟ་བའི་ཕྱོགས་འཛོལ་འགོག་ཟོན་དང་ཡོ་བསྲང་ནུས་ལྡན་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས‘གསུམ་དབྱེ་འབྱེད’དོན་འཁྱོལ་བྱས་ནས་ལས་བྱེད་པས་གསར་འབྱེད་ཡར་བརྩོན་དང་ལས་སྒྲུབ་ལས་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད།

“སྒྱུར་བཅོས་ཀྱིས་འཆར་འགོད་ལ་མཐོང་ཆེན་བྱེད་དགོས་ལ། དོན་འཁྱོལ་ཡོང་བར་དེ་བས་དམ་འཛིན་ཡག་པོ་བྱེད་དགོས། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར། གནས་ཚུལ་དངོས་ལ་ལྟ་ཞིབ་དང་། བྱ་ཐབས་དངོས་འདོན་པ། ཕན་འབྲས་དངོས་དོན་གཉེར་བཅས་ཀྱི་སྒོ་ནས་ཕྱི་ཚུལ་རིང་ལུགས་སྔོན་འགོག་དང་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་ལས། ཕྱི་ཚུལ་ཙམ་གྱི་འདུ་འགོད་དང་མི་རྒྱུ་འཕྲོ་བརླག་གཏོང་བའི་སྲིད་དོན་ལས་རྗེས་ཀྱི་འདུ་འགོད་གཏན་ནས་སྤེལ་མི་རུང”ཞེས་འདི་ལོའི་ཟླ་5པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་སྐབས་དེ་ལྟར་ནན་བཤད་གནང་ཡོད།

“ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ་ཕྱི་ཚུལ་རིང་ལུགས་མུ་མཐུད་བཅོས་སྒྲིག་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་འགོ་ཁྲིད་ཀྱི་སྤྱོད་ཚུལ་དང་ལས་ཀའི་སྤྱོད་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས”“ལས་དོན་གང་ཞིག་དམ་འཛིན་བྱེད་པ་དང་མང་ཚོགས་ལ་བྱ་བ་གང་ཞིག་སྒྲུབ་རུང་ཚང་མ་དངོས་ཐོག་བདེན་འཚོལ་ཡོང་བ་བྱེད་དགོས”ཞེས་འདི་ལོའི་ཟླ་3པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས་དེ་ལྟར་ནན་བཤད་གནང་ཡོད།

སྲིད་དོན་ལས་རྗེས་སུའི་ཆེད་དུ་འཛུགས་དགོས་སམ།

“གུང་ཁྲན་ཏང་ནི་མི་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་ཏང་ཞིག་ཡིན། ད་ཆ་རང་རེའི་རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་ཆེ་རུ་ཕྱིན་ཡོད་པས། མི་དམངས་ལ་བྱ་བ་དེ་བས་མང་ཙམ་སྒྲུབ་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་དེའི་ནང་། མི་དམངས་ཀྱི་གཙོ་འཛིན་གྱིས་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་ཡོད་ལ། གུང་ཁྲན་ཏང་མིའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་མངོན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོ་གུང་ཁྲན་ཏང་གིས་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་དང་དམངས་ཀྱི་ཆེད་དུ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་ལས་རྗེས་གལ་ཆེ་ཤོས་སུ་བརྩི་དགོས”ཞེས་གསུངས་ཡོད་ལ། “མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་དགོས”ཞེས་ནན་བཤད་ཀྱང་གནང་ཡོད། གུང་ཁྲན་ཏང་མིའི་ངོས་ནས་བརྗོད་ན། མི་དམངས་ནི་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བའི་སྲོག་ཤིང་ཡིན་ལ། ལས་སྒྲུབ་ལས་གཏོད་ཀྱི་རིན་ཐང་གི་འབྱུང་ཁུངས་ཀྱང་ཡིན།

《ཀྲི་ཅང་གཏམ་གསར》དང་། 《དཔོན་གནས་མཐོ་པོ་མིན་ན་ཡང་མི་དམངས་ལ་ངོ་གནོང་མི་དགོས་པ་ཞིག་བྱེད་དགོས》 《སེམས་ནང་མི་སེར་མེད་ན“དཔོན་པོ”བྱས་ནས་ཅི་བྱེད》སོགས་ཀྱི་རྩོམ་ཡིག་ནང“དཔོན་པོ་བྱས་ཚེ་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་དགོས་པ་ལས‘དཔོན་ཞྭ’གྱོན་ཏེ་སྒེར་ཕན་སྒྲུབ་མི་རུང”ཞེས་པ་དང“མང་ཚོགས་ཀྱི་འབོད་སྒྲར་མཐོང་ཆེན་བྱེད་དགོས་པ”སོགས་ཀྱི་བཀའ་མོལ་ལས། མི་དམངས་ཀྱི་ལངས་ཕྱོགས་གསལ་པོ་དང་མི་དམངས་ལ་བཅངས་པའི་ལྷག་བསམ་གྱི་བརྩེ་སེམས་མངོན་ཡོད།

ཁ་བ་བུ་ཡུག་ལ་མི་འཛེམ་པར་གྲང་ངར་ཆེ་བའི་ཐའེ་ཧང་རི་ཁུལ་དུ་དབུལ་སྒྲོལ་ལས་དོན་ལ་གཟིགས་ཞིབ་དང་། མདོ་ལ་རིང་མོའི་བྱང་འདབས་རྩྭ་ཐང་ཆེ་མོར་ཕེབས་ནས་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོང་བྱ་ཚུལ་མཁྱེན་རྟོགས། ཧོ་པེའི་པའོ་ཏིང་གི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་དྲོད་རླངས་ཡོད་མེད་དང་མང་ཚོགས་ཀྱི་འཚོ་བར་ལྟ་རྟོག ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་དུ་གྲོང་མི་གསར་པར་ཆེད་མངགས་གཟིགས་ནས་ཁང་གླ་མཐོ་པོ་ཡོད་མེད་བཀའ་འདྲི་གནང་བ། ཧུའུ་ནན་ཁྲང་ཏེའི་ཞིང་འགྲམ་གྱི་ལམ་ཆུང་ནས་ཕེབས་ཏེ་འབྲུ་འདེབས་དུད་ཚང་ཆེན་པོ་དང་། ཞིང་ལས་ལག་རྩལ་མི་སྣ། གཞི་རིམ་ལས་བྱེད་པ་བཅས་དང་མཉམ་དུ་ཐོན་འབབ་གང་འདྲ་ཡོད་མེད་ཐད་བཀའ་མོལ་གནང་བ་བཅས་དུས་རབས་གསར་པར་མི་དམངས་ཀྱི་འདུན་པ་དང་རེ་སྒུག་ཚང་མ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ལ་བཅངས་ཡོད་ལ། རྒྱལ་ཁབ་འཕེལ་རྒྱས་ཀྱི་རྩེ་རིམ་ཇུས་འགོད་ནང་བཞག་གནང་ཡོད།

སྲིད་དོན་ལས་རྗེས་གང་འདྲ་ཞིག་འཛུགས་དགོས་སམ།

སྲིད་དོན་ལས་རྗེས་ཀྱི་ལྟ་བ་དང་འཕེལ་རྒྱས་ཀྱི་ལྟ་བ་གཉིས་དམ་པོར་འབྲེལ་ཡོད། འཕེལ་རྒྱས་ནི་མི་དམངས་ཀྱི་བདེ་སྐྱིད་མངོན་འགྱུར་བྱེད་པའི་འགག་རྩ་ཞིག་ཡིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དུས་རབས་གསར་པའི་ལྡོག་མེད་ཀྱི་གནས་ལུགས་ཤིག་ཡིན།

2021ལོའི་ཟླ་གསུམ་པར། ཕུའུ་ཅན་སན་མིང་གྲོང་ཁྱེར་ཧྲ་རྫོང་སྤྱི་ཁྱབ་སྨན་ཁང་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་ཨ་མར་ནད་ལྟ་རོགས་བྱེད་པར་ཡོང་མཁན་གྱི་གྲོང་མི་ཀྲང་ལི་ཕིང་གི་སྨན་རིན་དང་སྨན་རིན་རྩིས་ཞུའི་གནས་ཚུལ་ལ་བཀའ་འདྲི་གནང་སྐབས།

ཀྲང་ལི་ཕིང་གིས“ད་རེས་སྨན་རིན་སྒོར་ཁྲི་1.3ཕྱིན་སོང་། འོན་ཀྱང་ང་ཚོས་སྨན་རིན་སྒོར་4000ལྷག་ཙམ་ལས་གཏོང་དགོས་མ་བྱུང”ཞེས་ཞུས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསན་རྗེས་ཐུགས་མཉེས་པོ་བྱུང་། ཁོང་གིས་གྱང་ཐོག་ཏུ་བཀལ་བའི་སན་མིང་གི་སྨན་བཅོས་སྒྱུར་བཅོས་ཀྱི་ནང་དོན་ལ་ཞིབ་ཚགས་ངང་གཟིགས།

སྤྱི་ཁྱབ་ཧྲུའུ་ཅིས“ཁྱེད་ཚོའི་སྒྱུར་བཅོས་ལ་ངས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད”ཅེས་གསུངས་པ་མ་ཟད། སན་མིང་གི་སྨན་བཅོས་སྒྱུར་བཅོས་ལས། མི་དམངས་གོང་དུ་བཀུར་བ་དང་གཞན་གྱི་སྔོན་དུ་བྱེད་ཕོད་པ་མཚོན་གྱི་ཡོད་པས་ཉམས་མྱོང་ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ཏེ་དཔྱད་གཞིར་འཛིན་དགོས་པ་ཞིག་ཡོད་ཅེས་ནན་བཤད་གནང་།

སྨན་བཅོས་དང་། ལས་ཞུགས། སློབ་གསོ། རྒན་གསོ་སོགས་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་སྤྱི་ཁྱབ་ཧྲུའུ་ཅིས་དོ་ཁུར་ཆེན་པོ་གནང་གི་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་གང་ལེགས་སྐོང་ཐུབ་པའི་འཕེལ་རྒྱས་ཤིག་རེད་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཚོན་པའི་འཕེལ་རྒྱས་ཤིག་ཀྱང་རེད།

“དུས་གང་ཞིག་ཏུའང་ང་ཚོས་ཚ་གི་ཚི་གིའི་ངང་བྱ་བ་སྒྲུབ་པ་དང་། ཉ་ལ་བརྔམས་ནས་རྫིང་ཆུ་གློད་པ། GDPཁོ་ན་དོན་གཉེར་བྱེད་པ་བཅས་ཀྱི་ལམ་བུར་སྐྱོད་མི་རུང”“ཚད་འཛིན་ས་ཞིག་ཡོད་པ་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”

སྲིད་དོན་ལས་རྗེས་གང་ལ་བརྟེན་དགོས་སམ།

“བདེན་པ”དང“རྫུན་མ”ཐག་གཅོད་ཡང་དག་བྱེད་པའི་ཐད་བྱ་ཐབས་དངོས་འདོན་པ་དང་ཕན་འབྲས་དངོས་ཐོན་པར་བྱེད་པ་ལས་ཕྱི་ཚུལ་ཙམ་བྱེད་མི་རུང་།

ལོ་20ལྷག་ཙམ་རིང་། ཀྲེ་ཅང་གིས“བརྒྱད་བརྒྱད་འཐབ་ཇུས”རྒྱུན་སྲིང་ལྷོད་མེད་ངང་ལག་ལེན་བསྟར་བར་བརྟེན་ལས་དོན་མཐའ་དག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།

2023ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་སྐབས“ཕན་འབྲས་ཐོན་དོན་ནི་འཆར་གཞི་མཐར་ཕྱིན་བཀོད་ནས་ལོ་20ཡི་རིང་ལག་བསྟར་མཐའ་གཅིག་ཏུ་བྱས་པ་ལས་བྱུང་བ་ཞིག་ཡིན། ཞོགས་བཀའ་དགོང་སྒྱུར་བྱས་ཚེ། བྱ་ཐབས་བཟང་པོ་གང་ཞིག་ཡོད་ཀྱང་ཚང་མ་སྟོང་གཏམ་ཙམ་ཡིན་ལ། རྐང་རྗེས་ལག་སུབ་ལ་འགྱུར་སྲིད”ཅེས་གསུངས་ཡོད།

འཆར་གཞི་ཡག་པོ་མུ་མཐུད་མཐའ་འཁྱོངས་བྱེད་དགོས། “ང་ཚོས་རི་སྔོན་ཆུ་དྭངས་ལ་དམ་འཛིན་དང་། དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར། ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་འགའ་སོགས་དང་འདྲ་བར་བྱ་བ་རེ་རེ་བཞིན་སྒྲུབ་དགོས་ལ། ཏང་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་བློ་གཅིག་སེམས་གཅིག་ངང་སྒྲུབ་དགོས”

གལ་ཏེ“གཟེར་འདེབས་ཀྱི་སྙིང་སྟོབས”དང་། ཀུན་སེམས་གཅིག་སྒྲིལ་གྱི་བློ་སྟོབས། རིགས་པ་དྭངས་གསལ་གྱི་བློ་གྲོས་བཅས་མེད་ཚེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་སྲིད་དམ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་ལ་འཁེལ་བའི་བརྗིད་ཆེའི་འཆར་གཞི་ང་ཚོས་མངོན་འགྱུར་ཇི་ལྟར་བྱེད་དམ།

ད་དུང་རྩོད་སྒྲུབ་ཀྱི་ཐོག་ནས“ཉེ་བ”དང“རྒྱང་རིང”ཁོང་དུ་ཆུད་པར་བྱས་ནས། འཕྲལ་བདེ་འཕྲལ་ཕན་གྱི“མངོན་གསལ་གྲུབ་འབྲས”དོན་གཉེར་མི་བྱེད་པར་མི་རབས་རྗེས་མར་ཕན་པའི་བྱ་བ་མང་ཙམ་སྒྲུབ་དགོས།

སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན”ཞིག་ཏུ་བརྩི་གནང་གི་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅིས“སྐྱེ་ཁམས་ནི་ངས་མཐོང་ཆེ་ཤོས་བྱེད་པའི་བྱ་བ་ཞིག་ཡིན”ཞེས་གསུངས་ཡོད།

“སྐྱེ་ཁམས་སྲུང་སྐྱོང་ཐད་ངས་ལྕག་སྐུལ་དང་སྐུལ་འདེད་བྱེད་པའམ་ཡང་ན་སྐྱོན་བརྗོད་དང་བཀག་འགོག་གང་བྱེད་ཀྱང་ཚང་མ་ནི་དུས་སྐབས་གཅིག་དང་བྱ་བ་གཅིག་གི་ཆེད་དུ་མིན་པར། སྐྱེ་ཁམས་ཆེན་པོ་དང་ཁོར་ཡུག་ཆེན་པོར་དམིགས་པ་དང་། ཀྲུང་གོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་ཀྱི་འབྱུང་འགྱུར་ལ་དམིགས་པ་ཞིག་ཡིན”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་བཟང་ཚིག་ནན་ངང་གསུངས་ཡོད།

གང་དུ་དཔོན་གནས་འཁུར་བས་ན་དེ་གར་བདེ་བ་སྐྲུན་རྒྱུར་བརྩོན་པའི་སྙིང་སྟོབས་ཐོག་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་དགོས།

(པ་སངས་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)