གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 10ཚེས་15ཉིན། 10:10】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཐུན་མོང་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ལག་ལེན་པ་བྱེད་དགོས།
ཧོ་དབྱིན།
མི་དམངས་ཀྱི་མཛའ་གྲོགས་ནི་རྒྱལ་སྤྱིའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་རྨང་གཞི་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཛད་མཐའ་མེད་པའི་སྒུལ་ཤུགས། མཉམ་ལས་གཉིས་ཕན་མངོན་འགྱུར་ཡོང་བའི་གཞི་རྩའི་སྔོན་འགྲོ་བཅས་རེད།
“ཀྲུང་གོས་རྒྱལ་ཁབ་ཁག་གི་གྲོགས་པོ་དང་མཛའ་གྲོགས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་དམངས་ཁྲོད་ཕྱི་འབྲེལ་གྱི་དམིགས་བསལ་ནུས་པ་བཏོན་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་འདོད་ཡོད”ཟླ་10ཚེས་11ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་མཛའ་གྲོགས་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་བཙུགས་ནས་ལོ་70འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་མཁན་ཕྱི་ཕྱོགས་ཀྱི་སྐུ་མགྲོན་ལ་མཉམ་སྡེབ་ཐོག་མཇལ་འཕྲད་གནང་སྟེ། དུས་བབ་གསར་པའི་འོག་དམངས་ཁྲོད་ཕྱི་འབྲེལ་གྱི་དམིགས་བསལ་ནུས་པ་འདོན་སྤེལ་བྱེད་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་དམངས་ཁྲོད་མཛའ་གྲོགས་ཟབ་ཏུ་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཀྲུང་གོའི་འདོད་ཚུལ་གསལ་འགྲེལ་གཏིང་ཟབ་གནང་བ་དེར་ཕྱོགས་ཁག་གིས་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་ཏུ་འདུས་ནས་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་མཉམ་དུ་སྐྲུན་པར་གལ་འགངས་ཤིན་ཏུ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།
ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་གོའི་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་གི་ཡོད་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལའང་བརྩེ་སེམས་ཟབ་མོ་འཆང་བཞིན་ཡོད། འགྱུར་ལྡོག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་རྒྱུན་ཆད་མེད་པར་ཐོན་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་མདུན་དུ། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་གྱི་ཁ་ཕྱོགས་ཆེན་པོར་འགྱུར་ལྡོག་འགྲོ་མི་སྲིད་པ་དང་། འཛམ་གླིང་གི་ལོ་རྒྱུས་ཀྱག་ཀྱོག་ངང་མདུན་སྐྱོད་བྱེད་པའི་གཏན་ཚིགས་ཆེན་པོར་འགྱུར་ལྡོག་འགྲོ་མི་སྲིད་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལས་དབང་གཅིག་མཐུན་གྱི་འཕེལ་ཕྱོགས་ཆེན་པོར་འགྱུར་ལྡོག་འགྲོ་མི་སྲིད་པ་བཅས་ལ་སྔ་ཕྱི་བར་གསུམ་དུ་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། མི་རིགས་མི་འདྲ་བ་དང་། དད་མོས་མི་འདྲ་བ། རིག་གནས་མི་འདྲ་བ། ས་ཁོངས་མི་འདྲ་བ་བཅས་ཀྱི་མི་དམངས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་གྱིས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་རྒྱུ་ནི་མིའི་རིགས་མཉམ་དུ་འཚོ་བ་སྐྱེལ་སའི་གོ་ལ་འདི་ཉིད་ཞི་བདེ་དང་། འཆམ་མཐུན། ཞི་མཐུན་བཅས་ཀྱི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་སྐྲུན་ཆེད་ཡིན་ཞེས་ནན་བཤད་བྱས་ཡོད། དྲན་གསོའི་བྱེད་སྒོར་ཞུགས་མཁན་ཕྱི་ཕྱོགས་སྐུ་མགྲོན་གྱི་འཐུས་མི་ཚོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ཀྱི་གྲོས་འགོ་ལས་གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་པའི་གཟིགས་རྒྱང་རིང་ལ་མཁྱེན་རྒྱ་ཡངས་པ་དང་འགན་འཁྲི་འཁུར་སེམས་མངོན་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་གི་མཉམ་ལས་དམ་ཟབ་དང་གཉིས་ཁེ་གཉིས་ཕན་གྱི་ཆེད་ཁ་ཕྱོགས་གསལ་སྟོན་ཡང་བྱས་པས། ཀྲུང་གོའི་འཕེལ་རྒྱས་དང་དར་རྒྱས་ཀྱིས་འཛམ་གླིང་ལ་མུ་མཐུད་བདེ་སྐྱིད་བསྐྲུན་ཐུབ་ངེས་རེད་ཅེས་བརྗོད་པ་རེད།
ཀྲུང་ཧྭ་མི་རིགས་ནི་སྒོ་དབྱེ་བསྟུན་མཁས་ཀྱི་མི་རིགས་ཤིག་དང་། ཀྲུང་གོའི་མི་དམངས་ནི་སེམས་བཟང་མཛའ་མཐུན་གྱི་མི་དམངས་ཤིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་བསྟར་ཏེ་འདྲ་མཉམ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། སྐད་ཆ་ཤོད་རེས། བསྟུན་མཁས་བཅས་ཀྱི་ཤེས་དཔལ་ལྟ་བ་དར་སྤེལ་བཏང་སྟེ་ཟོལ་མེད་ཀྱི་འབྲེལ་གཏུག་དང་། རྒྱུས་མངའ་ཟབ་ལེན། མཛའ་གྲོགས་ཟབ་གཏོང་བཅས་བྱས་ཏེ། ཤེས་དཔལ་སྤེལ་རེས་ལ་བརྟེན་ནས་ཤེས་དཔལ་གྱི་བར་འགལ་སེལ་བ་དང་ཤེས་དཔལ་ཕན་ཚུན་དཔྱད་གཞིར་བཟུང་ནས་ཤེས་དཔལ་གྱི་འགལ་རྐྱེན་ལས་བསྒྲལ་ཏེ་འཛམ་གླིང་འདི་ཉིད་ལས་དབང་གཅིག་མཐུན་ཚོགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
མི་དམངས་ཀྱི་མཛའ་གྲོགས་ནི་རྒྱལ་སྤྱིའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་རྨང་གཞི་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཛད་མཐའ་མེད་པའི་སྒུལ་ཤུགས། མཉམ་ལས་གཉིས་ཕན་མངོན་འགྱུར་ཡོང་བའི་གཞི་རྩའི་སྔོན་འགྲོ་བཅས་རེད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གི་གྲོགས་པོ་དང་མཉམ་དུ་ཐུན་མོང་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ལག་ལེན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཞུགས་མཁན། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་དང་དམངས་སེམས་གཅིག་མཐུན་གྱི་སྐུལ་འདེད་པ། མི་དམངས་ཀྱི་མཛའ་གྲོགས་བྱ་གཞག་གི་རྒྱུན་འཛིན་པ་བཅས་བྱས་ཏེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་འདོད་ཡོད།