གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 10ཚེས་14ཉིན། 14:46】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱིས་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། སྲོལ་རྒྱུན་གྲོང་སྡེ་ཀྲུང་ཧྭའི་ཤེས་དཔལ་མཚོན་རྟགས་མ་ལག་ནང་འཇུག་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེར་བརྟག་དཔྱད་དཔྱད་དཔོག་སྒྲིག་འཛུགས་ཀྱི་ལས་དོན་སྒྲུབ་རྒྱུ་དང་། ཁྲིམས་སྲོལ་དང་སྲིད་ཇུས་ཀྱི་ཚད་གཞི་འཐུས་ཚང་དུ་གཏོང་བ། ལམ་ལུགས་ཀྱི་འགན་ལེན་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན་པ་རེད།
ཚེས་13ཉིན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་ཅང་ཞི་ཞིང་ཆེན་ཧྲང་རའོ་གྲོང་ཁྱེར་ཝུའུ་ཡོན་རྫོང་དུ་རྒྱལ་ཡོངས་ཀྱི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་བེད་སྤྱོད་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ཤིང་། གསར་འགོད་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ལམ་བར་རང་རྒྱལ་གྱི་གྲོང་ཚོ་8155ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་གི་མིང་གཞུང་ནང་བཅུག་པ་མ་ཟད། སྒོ་བྱང་བཀལ་ནས་སྲུང་སྐྱོང་བྱས་པ་དང་། ཞིང་ཆེན་16གིས་གྲོང་ཚོ་5028ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་གི་མིང་གཞུང་ནང་བཅུག་ནས་སྲོལ་རྒྱུན་བཟོ་སྐྲུན་སྟར་པ་ཁྲི་55.6སྲུང་སྐྱོང་བྱས་པ་དང་། ཞིང་ཆེན་རིམ་པ་ཡན་གྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་5965རྒྱུན་འཛིན་དང་འཕེལ་རྒྱས་བཏང་བས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་དང་། རིན་ཐང་ཕུན་སུམ་ཚོགས་ཤོས། སྲུང་སྐྱོང་ཆ་ཚང་ཤོས་བཅས་ཀྱི་ཞིང་ལས་ཤེས་དཔལ་ཤུལ་བཞག་སྲུང་སྐྱོང་ཚོགས་པ་ཞིག་ཆགས་ཡོད་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བབ་བསྟུན་བེད་སྤྱོད་ལ་སྔར་བས་སྐུལ་འདེད་བཏང་སྟེ་སྲོལ་རྒྱུན་གྲོང་སྡེ་གཅིག་སྡུད་ཡུག་འབྲེལ་སྲུང་སྐྱོང་བེད་སྤྱོད་དཔེ་སྟོན་མུ་མཐུད་སྤེལ་བ་དང་། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་མི་འདང་སར་ཁ་གསབ་བྱེད་པ། སྤྲོ་གསེང་ཡུལ་སྐོར་དང་རིག་གནས་གསར་གཏོད་སོགས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ། “གྲོང་གསེབ་ཏུ་ཇུས་འགོད་བྱེད་པའི་”ལས་དོན་མུ་མཐུད་སྤེལ་བ། འཛུགས་སྐྲུན་གྱི་སྤུས་ཚད་བདེ་འཇགས་དང་སྡོད་གནས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། སྲོལ་རྒྱུན་གྲོང་ཚོའི་འཚོ་བ་དེ་ལས་གསོན་ཤུགས་ལྡན་པར་བྱས་ཡོད། དེ་དང་ཆབས་ཅིག རིག་གནས་རྒྱུན་འཛིན་སྔར་བས་མངོན་གསལ་དོད་དུ་གཏོང་བ་དང་། རྒྱུན་རྣམ་ཅན་དང་སྣ་མང་ཅན་གྱི་དྲིལ་བསྒྲགས་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་པ། གྲོང་ཚོའི་ལོ་རྒྱུས་རྩོམ་སྒྲིག་ལ་སྐུལ་འདེད་བཏང་ནས། སྲོལ་རྒྱུན་གྲོང་སྡེའི་རིག་གནས་ཀྱི་ཁྱད་ཆོས་སྔར་ལས་ཟབ་ཏུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་འབྲེལ་ཡོད་འགན་འཁུར་བས། སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་བྱེད་པར་སྔོན་ལ་སྲུང་སྐྱོང་དང་། བེད་སྤྱོད་གཞི་འཛིན། རྒྱུན་འཛིན་རྩ་བ་བཅས་སུ་འཛིན་རྒྱུ་མཐའ་འཁྱོངས་དང་། གྲོང་མི་གཙོ་བོ་དང་། སྲིད་གཞུང་གིས་གཙོ་ཁྲིད། སྤྱི་ཚོགས་ཀྱིས་རམ་འདེགས་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྲོལ་རྒྱུན་གྲོང་སྡེའི་ཁྲོད་ཀྱི་རིག་གནས་ཤུལ་དུ་བཞག་རིགས་ཁག་སྲུང་སྐྱོང་བྱེད་པ་དང་། སྲོལ་རྒྱུན་གྲོང་སྡེས་རྒྱུན་འཛིན་བྱས་པའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་“བླ་སྲོག་”དེ་སྲུང་སྐྱོང་བྱེད་དགོས་ཞེས་བཤད་པ་རེད།