གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 10ཚེས་14ཉིན། 14:43】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་10ཚེས་12ཉིན། ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིའི་བཅད་ཁྲ་ཡོངས་གྲགས་སུ་ཁྱབ་བསྒྲགས་བྱས་པ་དང་། ལྐོག་རྔན་བླངས་པའི་ཉེས་པའི་ཐོག་ནས་ཞུ་སྦྱོར་ཕྱི་མ་ཅང་ཅེ་ལ་སྲོག་ཁྲིམས་གཅོད་རྒྱུ་དང་། ལོ་གཉིས་ཕྱིར་འགྱངས་ཀྱིས་ལག་བསྟར་བྱ་རྒྱུ། ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་རྒྱུ། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུ་བཅས་ཀྱི་ཁྲིམས་ཐག་བཅད་པ་དང་། རྩད་ཆོད་མཐའ་གསལ་བྱུང་བའི་ཅང་ཅེ་ཡིས་ལྐོག་རྔན་བླངས་པ་ལས་ཐོབ་པའི་རྒྱུ་དངོས་དང་དེ་ལས་སྐྱེས་འཕེལ་བྱུང་བའི་རིགས་བདའ་འདེད་བཏང་ནས་རྒྱལ་མཛོད་དུ་རྩིས་འབུལ་ཞུ་དགོས། མི་འདང་བའི་ཆ་རྣམས་མུ་མཐུད་བདའ་འདེད་གཏོང་རྒྱུ་རེད།
ཞིབ་གཅོད་བྱས་པ་བརྒྱུད། 2000ལོ་ནས་2023ལོའི་བར། ཞུ་སྦྱོར་ཕྱི་མ་ཅང་ཅེ་ཡིས་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཧོང་ཏའོ་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་གི་འགན་འཁུར་བ་དང་། ཧོང་ཏའོ་ཆུས་ཨུའི་ཧྲུའུ་ཅི་དང་ཆིང་ཏའོ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དང་། དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཅིག་ལྕོགས། ཧྲན་ཏུང་ཞིང་ཆེན་ཏུང་དབྱིང་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི། ཏུང་དབྱིང་གྲོང་ཨུའི་ཧྲུའུ་ཅི། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་། ཀྲུའུ་ཞི་གཞོན་པ། འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཅིག་ལྕོགས། བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སོགས་ཀྱི་གོ་གནས་འགན་འཁུར་བའི་སྟབས་བདེ་སྤྱད་དེ། འབྲེལ་ཡོད་སྡེ་ཚན་དང་མི་སྒེར་ལ་སྲིད་འཛིན་ཞིབ་བཤེར་ཆོག་མཆན་དང་། ལས་གྲྭ་འགན་གཙང་ལེན། ས་ཆ་ནང་བཤུག གོ་གནས་སྤར་བ་སོགས་ཀྱི་ཐད་རོགས་རམ་བྱས་ནས་ཁྲིམས་འགལ་ངང་རྒྱུ་དངོས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་2.25ལྷག་ཙམ་བླངས་ཡོད་པ་རེད།
ཐེན་ཅིན་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་ཞུ་སྦྱོར་ཕྱི་མ་ཅང་ཅེ་ཡི་བྱ་སྤྱོད་ཀྱིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པ་དང་། ལྐོག་རྔན་བླངས་པའི་གྲངས་འབོར་ཤིན་ཏུ་མང་པས་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཧ་ཅང་ཆེན་པོ་བཟོས་པའི་ངོས་འཛིན་བྱས་པ་རེད། ཅང་ཅེ་ཁྲིམས་འོག་ཏུ་ཚུད་རྗེས་གལ་ཆེའི་གྱོད་གཞི་གཞན་གྱི་ཁུངས་སྣེ་འདོན་སྤྲོད་བྱས་པ་དེ་ཞིབ་བཤེར་བྱས་པ་བརྒྱུད་དོན་དངོས་ཡིན་པ་དང་། བྱས་རྗེས་གལ་ཆེན་པོ་བཞག་ཡོད་པ། ཉེས་སྤྱོད་ཇི་མ་ཇི་བཞིན་ངོས་ལེན་བྱས་པ། རང་འགུལ་གྱིས་གྱོད་གཞི་ཞིབ་གཅོད་ལས་ཁུངས་ཀྱིས་མ་ཤེས་པའི་ལྐོག་རྔན་བླངས་པའི་ཉེས་གསོག་དོན་དངོས་མང་ཆེ་བ་ངོས་ལེན་བྱས་པ། རང་ཉེས་ངོས་ལེན་དང་རང་ནོངས་འགྱོད་བཤགས་བྱས་པ། བརྐུས་རྫས་ཕྱིར་སློག་ཧུར་ཐག་བྱས་པ། ལྐོག་རྔན་བླངས་པའི་རྒྱུ་དངོས་དང་དེ་དག་ལས་སྐྱེས་འཕེལ་བྱུང་བའི་སྐྱེད་ཀ་མང་ཆེ་བ་བདའ་འདེད་བྱས་ཟིན་པ་བཅས་ལ་གཞིགས་ནས། ཁྲིམས་བཀོད་ནང་ཉེས་ཆད་ཡང་པོ་གཅོད་དགོས་པའི་གནས་ཚུལ་ཡོད་པས། སྲོག་ཁྲིམས་གཅོད་སྐབས་འཕྲལ་དུ་ལག་བསྟར་མ་བྱས་ན་ཆོག ཁྲིམས་རས་གོང་གི་ཁྲིམས་ཐག་བཅད།