མི་དམངས་དྲ་བའི“ཀྲུང་གོར་སྐྱོད་པའི”བོད་ཀྱི་བརྟག་ཞིབ་བཅར་འདྲི་ཚོགས་པ།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 10ཚེས་14ཉིན། 10:02】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
རི་མོ་ལྟར་མཛེས་པའི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་། མི་དམངས་དྲ་བའི་གསར་འགོད་པ་ཚེ་རིང་ནོར་བུས་པར་བརྒྱབ།
ས་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་120ལྷག་ཙམ་ཟིན་པའི་བོད་ལྗོངས་སུ་མཛེས་སྡུག་གི་གངས་རི་དང་ལང་ལོང་དུ་རྒྱུག་པའི་གཙང་པོ་ཡོད་ཅིང་། གསོན་ཤུགས་རབ་ཏུ་རྒྱས་པའི་ས་གཞི་ཆེན་པོ་དེའི་སྟེང་དུ་སྐྱོད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན།
སྐྱེ་ཁམས་སྔོན་ལ་བཞག་པ་ལས་གསོན་ཤུགས་གསར་པ་རྒྱས་པ།
བརྗིད་ཆགས་ཡིད་འོང་གི་ཕོ་བྲང་པོ་ཏ་ལའི་མདུན་དུ་ལངས་ནས་གཙང་པོའི་ཕ་རོལ་གྱི་སྔོ་ལྗང་ནེའུ་གསིང་གིས་བརྒྱན་པའི་ལྷོ་རིར་ལྟ་སྐབས། ལ་སྟེང་དུ“མེས་རྒྱལ་ཁྲི་ལོར་བརྟན”ཞེས་པའི་རྒྱ་ཡིག་ཡིག་འབྲུ་བཞི་པོ་བཀྲག་མདངས་རབ་ཏུ་འཚེར།
སྐྱིད་ཆུའི་གཡས་གཡོན་དུ་ཆགས་པའི་བརྗིད་ཆགས་ཡིད་འོང་གི་ཕོ་བྲང་པོ་ཏ་ལ་དང་སྔོ་ལྗང་ནེའུ་གསིང་གིས་བརྒྱན་པའི་ལྷོ་རི། མི་དམངས་དྲ་བའི་གསར་འགོད་པ་ལིའུ་ཧྥན་གྱིས་པར་བརྒྱབ།
ཉེ་བའི་ལོ་ཤས་རིང་། སྐྱེ་ཁམས་ཁོར་ཡུག་ལེགས་སུ་སོང་བས་ལྷ་སའི་མི་སེར་ལ་སྐྱིད་སྣང་ཆེན་པོ་བྱུང་ཞིང་། ལོ་བཅུ་གྲངས་ཀྱི་གོང་ལ་འདི་གར་རྡོ་ཧྲུག་གིས་ཁེངས་པའི་གྲམ་ཐང་ཞིག་རེད་ཟེར་ན་ཚང་མས་ཡིད་ཆེས་བྱེད་ཐབས་བྲལ།
“ང་ཐོག་མར་ལྷོ་རིར་བསྐྱོད་སྐབས་རི་སྟེང་དུ་སྐྱ་ཐེར་ཐེར་མ་གཏོགས་རྩི་ཤིང་གང་ཡང་མཐོང་རྒྱུ་མི་འདུག”སྐྱེ་ཁམས་ལ་འགྱུར་ལྡོག་སོང་བ་ནི་གནམ་ས་བླ་འོག་ལྟ་བུའི་ལས་གྲྭ་རླབས་པོ་ཆེ་ཞིག་ལས་བྱུང་བ་རེད་ཅེས་ལྷོ་རིའི་སྤྱི་གླིང་གི་ནགས་སྲུང་བ་བཀྲ་ཤིས་ཆོས་འཕེལ་གྱིས་དྲན་གསོ་བྱེད་བཞིན་བཤད།
ལྷོ་རིའི་སྤྱི་གླིང་གི་ནགས་སྲུང་བ་བཀྲ་ཤིས་ཆོས་འཕེལ། མི་དམངས་དྲ་བའི་གསར་འགོད་པ་སུང་ཙེ་ཅེ་ཡིས་པར་བརྒྱབ།
2012ལོར། ལྷ་ས་གྲོང་ཁྱེར་གྱིས་ལྷོ་རིའི་ནགས་བཟོ་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་འགོ་བཙུགས་ནས“མིས་ས་དབོར་བ་དང་། ལྕང་སོན་དབོར་བ། སྡོང་པོ་འཛུགས་པ། ཆུ་རྒྱག་པ”སོགས་ཀྱི་ངལ་བ་དུ་མ་སྤྱད་པ་བརྒྱུད་དེ་སྔའི་སྐྱ་ཐེར་ཐེར་གྱི་རི་རྒོད་རིམ་བཞིན་སྔོ་ལྗང་ཅན་དུ་གྱུར་ཡོད། 2021ལོར་བོད་ཀྱིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སྔར་བས་ལག་ལེན་བསྟར་ནས་ལོ་10ཡི་རིང་ནགས་བཟོ་མུའུ་ཁྲི་206.72ལེགས་སྒྲུབ་བྱས་ཏེ་ལྷ་ས་འདི་ཉིད་སྐྱེ་ཁམས་སྡོད་མལ་ལ་འཚམ་པའི་ས་མཐོའི་གྲོང་ཁྱེར་ཞིག་ཏུ་བསྐྲུན་རྒྱུའི་འཆར་གཞི་བཏིང་།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》ལག་ལེན་གཏིང་ཟབ་བསྟར་བ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་སྲོལ་ཡིག》སོགས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་ཁྱབ་བསྒྲགས་ལག་བསྟར་བྱས་ནས་ནགས་ཚལ་དང་། འདམ་ར། རྩྭ་ཐང་སོགས་ཁྱབ་ཁོངས་ཚུད་པའི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་ཞིག་བཟོས་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ཚེ་རིང་རྒྱ་མཚོས། བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིད་ཕྱོགས་གལ་ཆེན་ཞིག་ལ་བརྩིས་ནས་བོད་ཀྱི་ཉམས་མྱོང་དང་། བོད་ཀྱི་ཁྱད་ཆོས། བོད་ཀྱི་དཔེ་མཚོན་བཅས་དེ་བས་མང་བ་ཧུར་ཐག་བཏོད་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱས་ཡོད་ཅེས་ངོ་སྤྲོད་བྱས།
《2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས》ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ལ་ད་ཆ་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་1480དང་ནགས་ཚལ་ཁྱབ་ཚད་12.31%ཟིན་པ་དང་། འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་652.9དང་ས་ཁོངས་ཧྲིལ་པོའི་གཙང་པོ་དང་མཚོའི་སྤུས་ཀ་ལེགས་ཚད་100%ཟིན་པ། དུས་རབས་20པར་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་3000མ་ཟིན་པ་ནས་མིག་སྔའི་ཁྲི་1ལྷག་ཙམ་བར་མང་དུ་ཕྱིན་པ་དང་རིགས་ཁྱུའི་གྲངས་འབོར་རྒྱུན་མཐུད་འཕར་བཞིན་ཡོད། བོད་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།
རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལས་འཚོ་རྟེན་གསར་པ་བཏོད་པ།
སྐད་གསང་མཐོན་པོའི་རྣམ་ཐར་གྱི་འགྱུར་ཁུག་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་བར་སྣང་མཐོངས་སུ་གྲགས། ལྷ་མོ་འཁྲབ་སྟོན་པ་ཚོའི་སྐོར་བ་རྒྱག་པ་དང་བྲོའི་སྟངས་སྟབས་ལས་ཡུལ་སྐོར་བའི་ཡིད་དབང་ཅིག་ཅར་དུ་འཕྲོག་ཅིང་། གཞུང་གསངས་པ་དང་སྦྲགས་དུས་ཀྱི་མདའ་མོ་ལོ་600ཡི་སྔོན་གྱི་གངས་ལྗོངས་ས་མཐོར་ལོག་པའི་སྣང་བ་ཡང་འཆར།
བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ལྷ་མོ། མི་དམངས་དྲ་བའི་གསར་འགོད་པ་ཚེ་རིང་ནོར་བུས་པར་བརྒྱབ།
“ཡར་ཀླུང་བཀྲ་ཤིས་ཞོལ་པ་ནི་ལྷ་མོ་རྙིང་ཤོས་ཀྱི་གྲས་ཤིག་རེད་ལ། བོད་ཀྱི་མཛད་སྒོ་ཆེ་གྲས་ཁག་ནང་འཁྲབ་མང་ཤོས་ཀྱི་བཀྲ་ཤིས་རྟེན་འབྲེལ་མཚོན་པའི་འགོ་ཚུགས་འཁྲབ་སྟོན་ཞིག་ཀྱང་རེད”ཉི་མ་ཚེ་རིང་ནི་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རེད་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡར་ཀླུང་བཀྲ་ཤིས་ཞོལ་པའི་རྒྱུན་འཛིན་པ་ཞིག་ཀྱང་རེད།
བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས“ཏང་འཛུགས་སྐྱོང་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བཅས་ཟུང་འབྲེལ”གྱི་གྲོང་གསེབ་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས། ལྷ་མོའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ་ཁྱད་ལྡན་གྱི་རིག་གནས་དང་ཡུལ་སྐོར་སྤུས་རྟགས་བཏོད་ཡོད། 2020ལོའི་ཟླ་6པ་ནས་ད་བར། སྡེ་ཁུལ་དུ་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་7ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་560ལྷག་ཙམ་བྱུང་ཡོད། དམངས་སྲོལ་ཡུལ་སྐོར་ལས་མང་ཚོགས་ཀྱི་ཡོང་འབབ་མང་དུ་སོང་བ་མ་ཟད། སྡེ་ཁུལ་གྱི་མིང་གྲགས་ཀྱང་ཆེ་རུ་སོང་ཡོད།
ཉི་མ་ནུབ་རིའི་ཕང་བར་བཞུད་པ་དང་བསྟུན་ཏེ་ལྷ་སའི་བུམ་པ་རིའི་གཤམ་དུ་མེ་ཕུང་སྤར་ཞིང་། སྐར་ཚོགས་ཀྱིས་བརྒྱན་པའི་མཁའ་དབྱིངས་དང་ལྟ་ན་སྡུག་པའི་རི་ཀླུང་ཡུལ་ལྗོངས་སུ་བྱས་ཏེ“འུན་ཤིང་ཀོང་ཇོ”དང“སྲོང་བཙན་སྒམ་པོ”ལོ་ངོ་སྟོང་ཕྲག་གི་རྗེས་སུ་བསྐྱར་དུ་འཕོས་པ་ལྟར་འོང་ནས་མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་རོལ་དབྱངས་དཀྲོལ།
ཚེ་མཆོག་གླིང་གྲོང་ཚོའི་གྲོང་མི་བདེ་སྐྱིད་ཀྱིས་གར་སྟེགས་ཀྱི་རྒྱབ་ཏུ་ལེའུ་རྗེས་མའི་འཁྲབ་ཆས་ལེགས་པར་བརྗེས་ནས“རང་མི་རིགས་ཀྱི་ལོ་རྒྱུས་ཟློས་གར་འཁྲབ་རྒྱུ་བྱུང་བར་སྤོབས་པ་ཆེན་པོ་སྐྱེ་གི་འདུག དེ་སྔ་ཞིང་ལས་བྱེད་ཀྱི་ཡོད་པས་ལོ་གཅིག་ལ་ཡོང་འབབ་སྒོར་ཆིག་སྟོང་ཙམ་ལས་མེད། ད་ཆ་གྲོང་མི་མི་ཉུང་བ་ཞིག་ཞིང་ལས་ཚར་རྗེས་དེ་གར་ལས་ཞོར་འཁྲབ་སྟོན་བྱེད་ཀྱི་ཡོད་པས་ཟླ་རེར་གླ་ཕོགས་སྒོར་5000ཙམ་རག་གི་འདུག”ཅེས་བཤད།
ཡུལ་ཕྱོགས་མཐུན་མཛེས་ཚོགས་པའི་ཙུང་ཚའེ་ལི་ཡོན་ཡོན་གྱིས་ངོ་སྤྲོད་བྱས་པར། ད་བར《འུན་ཤིང་ཀོང་ཇོ》འཁྲབ་སྟོན་ཐེངས་2000ལྷག་ཙམ་བྱས་པར་མི་ཐེངས་ཁྲི་ཡན་ཐད་ཀར་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་རེད།
2024ལོའི་ལོ་སྟོད་དུ་བོད་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2801.54ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་15.57%འཕར་ནས། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་286.37བྱུང་བ་དེ་དུས་མཚུངས་ལས་9.98%འཕར་ཡོད་པ་རེད།
ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་ཡུལ། མི་དམངས་དྲ་བའི་གསར་འགོད་པ་ལིའུ་ཧྥན་གྱིས་པར་བརྒྱབ།
ལྷ་སའི་ཞོ་སྟོན་དང་། གཞིས་རྩེའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན། ལྷོ་ཁའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན། ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་སོགས་བོད་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། བོད་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་ཞིག་ཏུ་བསྐྲུན་པའི་གོམ་སྟབས་མགྱོགས་པོ་སྤོ་བཞིན་མཆིས།