འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་12ཉིན།

བོད་ལྗོངས་རྒྱལ་རྩེ་རྫོང་སྟག་རྩེ་ཤང་ལྕགས་སྣ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས།

༄༅།།དམངས་དང་ཉེ་བཅར་གྱིས་གྲོང་སྡོད་ལས་དོན་ཡག་པོ་བསྒྲུབས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་12ཉིན། 10:35】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    རྒྱལ་སྟོན་ངལ་གསོའི་རིང་། མི་མང་པོ་ཞིག་སྐྱིད་སྣང་དོད་པའི་གུང་གསེང་གི་དགའ་བདེའི་དཔལ་ལ་རོལ་བཞིན་ཡོད་ཀྱང་། ད་དུང་མི་མི་ཉུང་བ་ཞིག་གིས་སྔར་བཞིན་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད་ཅིང་། ཁོང་ཚོའི་ཁྲོད་དུ་གྲོང་སྡོད་ལས་བྱེད་པའང་ཚུད་ཡོད། ཁོང་ཚོ་ཞིང་ནང་དང་མུ་ཁ་དང་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་ཚང་མས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་ཡོད་པ་རེད།

    གསར་འགོད་པ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སྟག་རྩེ་ཤང་ལྕགས་སྣ་གྲོང་ཚོར་འབྱོར་སྐབས། གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བསོད་ནམས་གཡང་འཛོམས་ཀྱིས་ལམ་བཞི་མདོ་ཁ་ཞིག་ཏུ་ལངས་ཏེ་དར་དམར་ཆུང་ཆུང་ཞིག་གཡུག་གཡུག་བྱེད་ཞོར། ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་རླངས་འཁོར་ལ་བཀོད་འདོམས་བྱེད་བཞིན་འདུག རྒྱལ་སྟོན་ངལ་གསོའི་སྐོར་གྱི་མྱོང་ཚོར་གླེང་སྐབས། ཁོང་གིས“མི་གཞན་དང་འདྲ་བར་རྒྱལ་སྟོན་ངལ་གསོ་རྒྱག་ཐབས་བྲལ་ཡང་རང་ནུས་གང་ལྕོགས་ཀྱིས་མང་ཚོགས་ལ་རོགས་རམ་བྱས་ཏེ་ཁོང་ཚོའི་ཁས་ལེན་ཐོབ་ན་དེ་ནི་ད་གཟོད་གྲུབ་འབྲས་ཆེ་ཤོས་དེ་རེད”ཅེས་བརྗོད།

    རྒྱལ་རྩེར་བོད་ཀྱི་ནས་ཀྱི་བང་མཛོད་ཅེས་པའི་མཚན་སྙན་མངའ་ཞིང་། ཡངས་ཤིང་རྒྱ་ཆེ་བའི་ནས་ཞིང་ནི་གསེར་མདོག་གི་རྒྱ་མཚོ་ཞིག་དང་འདྲ་བར་གང་ས་ནས་སྙེ་མའི་རྦ་རླབས་ལང་ལོང་གཡོ། མིག་སྔ་ནི་སྟོན་བསྡུའི་ལས་བྲེལ་དུས་ཚིགས་ཡིན་པས། སྟག་རྩེ་ཤང་གི་ཡུལ་མི་ཚོའང་སྟོན་ལས་ལ་བྲེལ་བཞིན་ཡོད། ད་ལོར་ལོ་ལེགས་བྱུང་ཡང་ངལ་ནུས་དཀོན་རྐྱེན་ཡུལ་མི་ཚོར་དཀའ་ངལ་ངེས་ཅན་འཕྲད་ཡོད། གནས་ཚུལ་དེ་ཤེས་རྗེས། གྲོང་སྡོད་ལས་དོན་རུ་ཁག་གིས་དེ་འཕྲལ“དང་བླངས་པ”བྱས་ཏེ་ཞིང་ནང་དང་མུ་ཁར་བསྐྱོད་ནས་ཞིང་པར་སྟོན་ལས་བྱེད་རོགས་བྱས་པ་རེད།

གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་སྤེན་དོན་དང་ཕུར་ཕན་གཉིས་དགེ་ལེགས་སོགས་ཞིང་དུད་ཀྱི་ཞིང་ཁར་སོང་སྟེ་བཙས་མ་བརྔ་རོགས་བྱས།

     སྟོན་བསྡུའི་འགག་རྩའི་དུས་སུ། འགྲིམ་འགྲུལ་གྱི་གནད་དོན་ནི་ཡུལ་མི་ཚོར་འཕྲད་པའི་དཀའ་གནད་གཞན་ཞིག་ཏུ་གྱུར་ཡོད། ལྕགས་སྣ་གྲོང་ཚོ་ཤང་དང་བར་ཐག་ཉེ་པོ་ཡོད་པས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་རླངས་འཁོར་མང་པོ་ཡོད་ལ། ལྷག་པར་དུ་ཞིང་བྲེལ་གྱི་དུས་ཚིགས་དང་གུང་གསེང་རིང་རླངས་འཁོར་དེ་བས་མང་བ་ཡོད། བསོད་ནམས་གཡང་འཛོམས་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོས་དེར་དམིགས་ཏེ“འགྲིམ་འགྲུལ་ཉེན་རྟོག་པ”བྱས་ནས་འགྲོ་འོང་བྱེད་མཁན་རླངས་འཁོར་མང་བའི་གྲོང་ཚོའི་ལམ་ཁའི་འགྲིམ་འགྲུལ་བཤངས་ཏེ་བགྲོད་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་པ་རེད།

     བསོད་ནམས་གཡང་འཛོམས་ཀྱིས“རྒྱལ་སྟོན་ངལ་གསོའི་རིང་། དཀའ་ལས་ཁག་པོ་བྱུང་ཡང་ང་ཚོར་གྲུབ་འབྲས་ཐོབ་པའི་ཚོར་སྣང་ཆེན་པོ་བྱུང་། གོམ་སྟབས་རྗེས་མར། ང་ཚོས་གྲོང་ཚོའི‘ཨུ་ལྷན་གཉིས’ཚན་ཁག་གི་ཁོངས་མིར་གཞོགས་འདེགས་ཡག་པོ་བྱས་ཏེ་ཟམ་པ་དང་འབྲེལ་ཐག་གི་ནུས་པ་གང་ལེགས་བཏོན་པ་དང་ལས་ཀའི་འགན་འཁྲི་ཧུར་ཐག་བསྒྲུབས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་དམངས་ཀྱི་སེམས་ཁྲལ་སེལ་བ་དང་། དམངས་ཀྱི་དཀའ་གནད་སེལ་བ། དམངས་སེམས་དྲོས་པ་བཅས་བྱས་ཏེ། གྲོང་གསེབ་དར་རྒྱས་ཀྱི‘འབད་འབུངས་གླུ་དབྱངས’ལེན་གྱི་ཡིན”ཞེས་བརྗོད།