འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་11ཉིན།

༄༅།།དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱིས་ཆུ་བེད་ལ་མ་དངུལ་སྒོར་དུང་ཕྱུར་82.3བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་11ཉིན། 10:25】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱས་པར། འདི་ལོ་ནས་བཟུང་ལྗོངས་ཡོངས་ཀྱི་ཆུ་བེད་ཁོངས་གཏོགས་ཀྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་དངོས་འཛིན་དངོས་སྒྲུབ་དང་ནུས་ཤུགས་ཡོད་རྒུས་བསྙེགས་བརྒལ་བྱས་པས། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ལས་དོན་ཁག་ལ་གྲུབ་འབྲས་བཟང་པོ་ཐོབ་པ་དང་། མིག་སྔའི་བར་ཆུ་བེད་ལ་མ་དངུལ་སྒོར་དུང་ཕྱུར་82.3བཏང་ཡོད།

    རྣམ་གྲངས་དང་མྱུར་ཚད་ལ་དམ་འཛིན་བྱས་པས་ཆུ་བེད་ལ་མ་འཇོག་བྱེད་ཚད་བོད་ཀྱི་མདུན་གྲལ་དུ་སླེབས་ཤིང་། བོད་ཀྱི་རྒྱལ་བུན་མང་དུ་བཏང་བའི་ཆུ་བེད་རྣམ་གྲངས་ཁག་52ཟླ་5ཚེས་10ཉིན་ཁྱོན་ཡོངས་ནས་ལས་འགོ་ཚུགས་པ་དང་ལས་འགོ་ཚུགས་པའི་དུས་མཚམས་ལས་འགན་ཉིན་50ཡི་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད། ཟླ་9ཚེས་19ཉིན་བར་མ་འཇོག་སྒོར་དུང་ཕྱུར་15.83ལེགས་གྲུབ་བྱུང་བ་དང་མ་འཇོག་ལེགས་གྲུབ་བྱུང་ཚད་74%ཟིན་ཡོད། གཙོ་གནད་རྣམ་གྲངས་ཁག་73ལ་མ་དངུལ་སྒོར་དུང་ཕྱུར་28.96བཏང་བ་དང་མ་འཇོག་ལེགས་གྲུབ་བྱུང་ཚད་78%ཟིན་ཡོད།

    རྨང་གཞི་བརྟན་དུ་གཏོང་བ་དང་ཞན་ཆ་བསལ་བས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཞིང་།《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད》སྒྲིག་བཟོ་ལེགས་སྒྲུབ་བྱས་པ་དང་། ལྟ་ཞིབ་ཚད་ལེན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། གནས་སྐབས་ཆུ་མཁོ་འདོན་བརྟན་པོ་མེད་པའི་གནད་དོན་ཁག་402གཙང་སེལ་བྱས་པ། ཞིང་ཆུ་འདྲེན་ཁུལ་འབྲིང་གྲས་25གསར་སྐྲུན་བྱ་རྒྱུའི་འཆར་འགོད་བྱས་པར་མ་དངུལ་སྒོར་དུང་ཕྱུར་70.36གཏོང་རྩིས་ཡོད་པ་བཅས་དང་། དཔྱིད་ཆུ་འདྲེན་པར་ཆུ་མཁོ་འདོན་འགན་ལེན་བྱེད་པའི་ལས་འགན་ཡོངས་སུ་ལེགས་གྲུབ་བྱུང་བ། ཞིང་སྤྱོད་ཆུ་རིན་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་མ་དངུལ་སྒོར་ཁྲི་700བཏང་ནས་ཞིང་ཆུ་འདྲེན་ཁུལ་29ཡི་ཞིང་སྤྱོད་ཆུ་རིན་ཕྱོགས་བསྡུས་སྒྱུར་བཅོས་བྱས་པ། སྒྱུར་བཅོས་བྱེད་ཁྱོན་མུའུ་ཁྲི་60གསར་འཕར་བྱུང་བ་བཅས་རེད།

    ཉེན་ཟོན་སྔོན་བརྡ་གཏོང་བར་ཤུགས་སྣོན་དང་བཅོས་སྐྱོང་བྱེད་པར་སྣང་ཆེན་བྱས་པས་ཆུའི་གནོད་འཚེ་འགོག་ནུས་ཆེ་རུ་ནུས་ལྡན་ཕྱིན་ཞིང་། འབྲུབ་འགོག་ལ་ཞིབ་བཤེར་དང་འཛུགས་སྐྲུན་ལས་གྲྭའི་འབྲུབ་དུས་ཀྱི“ཚགས་བཤེར”བྱ་སྤྱོད་གཏིང་ཟབ་སྤེལ་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་304དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱས་པ་དང་། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་གནམ་གཤིས་དང་ཆུ་བེད་ཀྱི་ཆ་འཕྲིན་མཉམ་སྤྱོད་ཐུབ་པ་བྱས་ཏེ་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་སྣ་ཚོགས་ཁྲི་5.3དུས་ཐོག་ཏུ་ཡོངས་བསྒྲགས་བྱས་པ། ཡར་ཀླུང་གཙང་པོའི་རྒྱ་ལ་དུམ་བུའི་འཁྱིལ་མཚོའི་ཉེན་ཁ་དང་དེ་བཞིན་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་གྱི་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་སོགས་ལ་ཁ་གཏད་ནུས་ལྡན་བཅག་པས་མི་སྣ་ཤི་རྨས་བྱུང་མེད་པ་རེད།

    དོ་དམ་བཅོས་སྐྱོང་ནན་པོ་དང་དོ་དམ་སྲུང་སྐྱོང་ཡག་པོ་བྱས་པས་ཆུའི་ཐོན་ཁུངས་དང་ཆུའི་སྐྱེ་ཁམས་སྲུང་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཞིང་། གཙང་པོ་དང་། མཚོ་མོ། ཆུ་མཛོད་བཅས་ཀྱི“ཟང་ཟིང་བཞིའི”གནད་དོན་ཁག་28རང་བཤེར་རང་བཅོས་བྱས་ནས་སྐབས་བསྟུན་གཙང་བཟོ་ཐུབ་པ་བྱས་པ་དང་། གཙང་པོ་དང་མཚོའི་ཆུ་རྒྱུད་ལ་དོ་དམ་ཚོད་འཛིན་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཆུ་བེད་པུས་2023ལོ་འཁོར་དུ་བརྒྱུད་སྐྱེལ་བྱས་པའི་གནད་དོན་ལྷག་མ་ཁག་205དག་ཐེར་ལེགས་སྒྲུབ་བྱས་པ་དང་། 2024ལོ་འཁོར་དུ་བརྒྱུད་སྐྱེལ་བྱས་པའི་གཙང་པོ་དང་མཚོའི་ས་བཀྲ་བསྐྱར་ཞིབ་572ལེགས་སྒྲུབ་བྱས་པ། གནད་དོན་ཁག་426གཏན་འཁེལ་བྱས་པ་དང་འབྲེལ་དག་ཐེར་བྱ་རྒྱུར་སྐུལ་འདེད་བཏང་བ་བཅས་རེད། མ་དངུལ་སྒོར་དུང་ཕྱུར་1.24བཏང་ནས་ས་ཆུ་ཤོར་བ་བཅོས་སྐྱོང་གི་ལས་གྲྭ་7ལག་ལེན་བསྟར་ཏེ་བཅོས་སྐྱོང་བྱེད་ཁྱོན་སྤྱི་ལེ་ངོས་གྲུ་145.6ལེགས་སྒྲུབ་བྱས་ཡོད།