གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 10ཚེས་11ཉིན། 10:24】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཕུར་བུ་ཚེ་རིང་། བློ་བསྟན། ཚེ་བརྟན་རྡོ་རྗེ། ཉི་མ་ཚེ་རིང་། ཚེ་ཁོ། ཕན་ཐོགས།
ཉེ་ཆར། “རྔ་པར་མཇལ་འཛོམས། རིན་ཆེན་གཏེར་མཛོད་ཀྱི་གནས་མཆོག་འབར་ཁམས་འཚོལ་བ”ཞེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོར་བཞུགས་མཁན་གྱི་གསར་འགོད་པ་རྣམས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སའི་སོ་གྲོང་ཚོར་བཅར་འདྲི་བྱེད་པར་བསྐྱོད་པ་ཡིན།
གཙང་པོའི་ཕ་རོལ་ནས་པར་བླངས་པའི་སའི་སོ་ཡུལ་མིའི་སྡོད་ཁང་ཡིན་པ།
སའི་སོ་གྲོང་ཚོ་ནི་ཤར་ཕྱོགས་སུ་གནས་པ་དང་འབར་ཁམས་གྲོང་ཁྱེར་ནས་ལམ་ཐག་སྤྱི་ལེ་བདུན་ལྷག་ཙམ་ལས་མེད། སའི་སོ་གྲོང་ཚོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་2660ཙམ་ལས་མེད་སྟབས་མཐའ་འཁོར་དུ་སྔོ་ལྗང་གཡུ་ལོས་བརྒྱན་ཞིང་། གྲོ་ནས་སྲན་སོགས་འབྲུ་རིགས་སྣ་ལྔ་སྐྱེ་ཐུབ་པའི་ས་ཆ་ཡག་པོ་ཞིག་ཡིན། སའི་སོ་གྲོང་ཚོ་ནི་རྒྱལ་ལམ་317དང་ཞིང་ཆེན་ལམ་210འབྲེལ་མཚམས་སུ་གནས་ཡོད་པ་དང་། གྲོང་ཚོར་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་ཡོད་སྟབས་ཕར་འགྲོ་ཚུར་འོང་བྱེད་སྐབས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་པོ་ཡོད་པ་རེད།
སའི་སོ་གྲོང་ཚོའི་གཞི་རྩའི་གནས་ཚུལ་ལ་གཞིགས་ན། གྲོང་ཚོ་ཧྲིལ་པོར་གྲོང་མིའི་ཚོགས་ཆུང་3དང་། དུད་ཚང་119 མི་གྲངས་384ཙམ་ཟིན་ཡོད། སྔོན་ཆད་ཞིང་ལས་དང་འབྲོག་ལས་ནི་སའི་སོ་གྲོང་ཚོའི་གྲོང་མིའི་འཚོ་རྟེན་ཡིན་པ་དང་། ད་ཆ་ཡུལ་སྐོར་ནི་གྲོང་མིའི་དཔལ་འབྱོར་ཡོང་ཁུངས་གཙོ་བོའི་གྲས་ཤིག་ཡིན་པ་རེད། སའི་སོ་གྲོང་ཚོར་ཞིང་ཆེན་རིམ་པའི་བཟང་པོ་བཞིའི་གྲོང་ཚོ་དང་། རྔ་པ་ཀྲོའུ་ཡི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཚོ། རྔ་པ་ཀྲོའུ་ཡི་ཁྲིམས་ལྟར་གྲོང་ཚོ་སྐྱོང་བའི་དཔེ་སྟོན་གྲོང་ཚོ། རྔ་པ་ཀྲོའུ་ཡི་གྲོང་མི་རང་སྐྱོང་དཔེ་སྟོན་གྲོང་ཚོ་སོགས་ཀྱི་མཚན་སྙན་མང་དག་ཅིག་ཐོབ་མྱོང་ཡོད་པ་རེད།
གསེར་བཟང་མས་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།
སའི་སོ་གྲོང་ཚོའི་གསེར་བཟང་མ་ནི་བྱ་གཞག་གསར་གཏོད་ཀྱི་ལས་ལ་ཞུགས་མཁན་གྱི་གྲས་ཤིག་ཡིན་པ་མ་ཟད་རྒྱལ་རོང་བསླས་འཐག་གི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཀྱང་ཡིན། ཁོང་གི་འགྱུར་ལྡོག་ཁག་གྲོང་ཚོའི་འཕེལ་རྒྱས་དང་གཅིག་ཕན་གཅིག་གྲོགས་ཡིན་པ་དང་། ཁོང་གི་འགྱུར་ལྡོག་ནི་གྲོང་ཚོའི་འགྱུར་ལྡོག་གི་བསྡུས་རིས་ཤིག་རེད་ཅེས་བརྗོད་ནའང་འགྲིག ཁོང་གིས་གསར་འགོད་པ་སའི་སོ་གྲོང་ཚོར་འབྱོར་བ་མཐོང་སྐབས་སྤྲོ་སྣང་ཆེན་པོས་གསར་འགོད་པར་བསུ་བ་ཞུས་པ་མ་ཟད་གྲོང་ཚོའི་འཕོ་འགྱུར་ཁག་ངོ་སྤྲོད་གང་གཟབ་བྱས། གསེར་བཟང་མ་ཆུང་དུས་སུ་འཚོ་བ་ཡག་པོ་དེ་ཙམ་མེད་པ་དང་ཕྱིས་སུ་འཚོ་བའི་སྤུས་ཚད་ལེགས་སུ་སོང་ཡང་། ཁོང་ནི་དུས་ཚོད་ལྟོ་གོས་ལ་བསྟིམས་ནས་སྡོད་མཁན་ཞིག་མིན་པར་དུས་རབས་ཀྱི་དབྱངས་རྟ་དང་མཐུན་པའི་བསམ་བློར་བརྟེན་ནས་རང་ནུས་ཡོད་རྒུས་སློབ་སྦྱོང་དང་ལག་ཤེས་ལས་ལ་འབད་འབུངས་ལྷོད་མེད་བྱེད་མཁན་ཞིག་ཡིན་པ་རེད། 2018ལོར་གསེར་བཟང་མས་ཏུའུ་ཅང་ཡན་དུ་ཡོད་པའི་སི་ཁྲོན་བཟོ་ཚོང་ལས་རིགས་ལག་རྩལ་སློབ་གླིང་དུ་མི་རིགས་ཀྱི་འཚེམ་དྲུབ་བཟོ་རྩལ་ཐོན་རྫས་བཟོ་བའི་དབུལ་སྐྱོར་གསོ་སྦྱོང་འཛིན་གྲྭར་ཞུགས་པ་དང་། དེ་རྗེས་རྔ་པ་ཀྲོའུ་ཡིས་གཉེར་བའི་འཚེམ་དྲུབ་རྩལ་ནུས་གསོ་སྦྱོང་འཛིན་གྲྭར་ཞུགས་པ། 2019ལོར་ཀུའེ་ཀྲོའུ་རུ་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་གསོ་སྦྱོང་འཛིན་གྲྭར་ཞུགས་པ་རེད། མི་རིགས་སྲིད་ཇུས་ཀྱི་འོད་སྣང་ཁྲོད་ཁོང་དང་གྲོང་མི་རྣམ་པས་འབད་བརྩོན་བྱས་པ་བརྒྱུད་སའི་སོ་གྲོང་ཚོའི་བསླས་འཐག་ལ་འཕེལ་རྒྱས་གང་ལེགས་བྱུང་ཡོད་པ་རེད། སྐྱེས་སྦྱངས་དབང་པོར་གནམ་སའི་ཁྱད་པར་ཡོད་པས། སྐབས་རེ་བསླས་འཐག་ལག་ཤེས་སྦྱོང་མཁན་གྱི་ལག་ཤེས་པ་ཁ་ཤས་ཀྱིས་ཐོན་རྫས་ཡག་པོ་བཟོ་མི་ཐུབ་པའི་སྐབས་སུ། གསེར་བཟང་མས་ངང་རྒྱུད་རིང་པོས་བཟོ་སྟངས་སློབ་ཀྱི་ཡོད་སྟབས། གྲོང་ཚོའི་ནང་དུ་གསེར་བཟང་མའི་མིང་འབོད་ཚེ་གྲོང་མི་ཚང་མས་མགྲིན་དབྱངས་གཅིག་གིས་བསྟོད་བསྔགས་བྱེད་ཀྱི་ཡོད་པ་རེད།
མངོན་མིན་རིག་གནས་ཤུལ་བཞག་ཐོན་རྫས་དང་ཁྲོམ་ར་ཟུང་འབྲེལ་བྱ་རྒྱུ་ནི་རེ་བས་ཁེངས་པའི་ལམ་བུ་ཞིག་ཡིན་པ་དང་། མངོན་མིན་རིག་གནས་ཤུལ་བཞག་ཐོན་རྫས་མི་འདྲ་བ་ཁྲོམ་རའི་ཐོག་ཐོན་ཐུབ་པ་ནི་གནའ་བོའི་ས་བོན་དེ་དེང་རབས་ཀྱི་ས་རྒྱུའི་ནང་བཏབ་ནས་མྱུ་གུ་འབུས་པ་དང་མཚུངས་པ་ཞིག་ཡིན། ཁྲོམ་རའི་དཔལ་འབྱོར་བརྒྱུད་ནས་མངོན་མིན་རིག་གནས་ཤུལ་བཞག་ཐོན་རྫས་ཁག་ཡངས་ཤིང་རྒྱ་ཆེ་བའི་ལམ་བུའི་ཐོག་སྐྱོད་ཐུབ་ཀྱི་ཡོད་པས། གསེར་བཟང་མས་རྒྱལ་རོང་བསླས་འཐག་འཚེམ་དྲུབ་ཆེད་གཉེར་མཉམ་ལས་ཁང་བཙུགས་ནས་རྒྱལ་རོང་བསླས་འཐག་འཕེལ་རྒྱས་ཀྱི་ལམ་བུར་ཁྲིད། གསར་འགོད་པ་མཉམ་ལས་ཁང་དུ་འབྱོར་སྐབས་མིག་ལམ་དུ་ལག་ཤེས་པ་རྣམ་པའི་ཕྱག་སོར་བརྟེན་ནས་བྱུང་བའི་ཐོན་རྫས་སྤུས་ལེགས་ཁག་འགྲེམས་སྟོན་བྱེད་པ་མཐོང་། དབྱར་ཁའི་དུས་སུ་ཡུལ་སྐོར་བ་ཤིན་ཏུ་མང་བས་བསླས་འཐག་ཐོན་རྫས་བྲིན་ཁ་རྒྱུག་པོ་ཡོད་པ་རེད། རྒྱལ་རོང་གི་བསླས་འཐག་ལག་ཤེས་ལ་ཁྱད་ཆོས་མང་དག་ཅིག་ཡོད་པ་དང་། ཚོན་མདངས་རྣམ་པར་བཀྲ་བའི་སྐེ་རགས་ནི་དམིགས་བསལ་གྱི་ཐོན་རྫས་ཤིག་ཡིན་པ་རེད། དེའི་རིང་ཚད་ལ་གཞུ་འདོམ་གཉིས་དང་ཕྱེད་ཀ་ལྷག་དང་། ཞེང་ཚད་ལ་སོར་མོ་བཅུ། སྣེ་གཉིས་སུ་སོར་མོ་བཅུ་གཉིས་ཙམ་ཡོད་པའི་ལན་བུ་མང་པོ་བསླས་ཡོད། སྐེ་རགས་འཆིང་སྐབས་སྐེད་པར་དཀྲིས་འགའ་བརྒྱབ་རྗེས་ལྟག་རྒྱབ་ནས་མདུད་དགོས་ཤིང་། ཁྲུ་གཉིས་ལྷག་བསྐྱུར་ཏེ་ཕྱི་རྟིང་གི་མཚམས་སུ་བསྣར་དགོས་ཀྱི་ཡོད་པ་རེད། གསར་འགོད་པས་གསེར་བཟང་མར་མ་འོངས་པའི་ལོ་ཟླའི་ནང་དུ་འཆར་གཞི་གང་འདྲ་ཡོད་མེད་སྐོར་འདྲི་སྐབས། གསེར་བཟང་མས“ད་ལྟ་ཏང་དང་རྒྱལ་ཁབ་ཀྱིས་སྲིད་ཇུས་དང་རྒྱུ་དངོས་སོགས་ཕྱོགས་མང་པོའི་ཐད་ནས་རོགས་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད། གུས་མོས་གོ་སྐབས་བཟང་པོ་དེ་བཀོལ་ནས་སྲོལ་རྒྱུན་གྱི་ལག་རྩལ་དར་རྒྱས་གོང་འཕེལ་བཏང་སྟེ་བུད་མེད་དེ་བས་མང་བ་སྔར་ལས་ལྷག་པའི་འཚོ་བའི་ལམ་བུའི་ཐོག་འཁྲིད་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད།