འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་9ཉིན།

༄༅།།འཛད་རྫས་གསར་རྙིང་བརྗེ་མགྱོགས་སུ་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་09ཉིན། 14:41】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཝུའུ་དབྱན།

འཛད་རྫས་གསར་རྙིང་བརྗེས་ནས། ཕྱོགས་གཅིག་ནས་འཛད་སྤྱོད་ལ་སྐུལ་འདེད་བཏང་བ་དང་། ཕྱོགས་གཞན་ཞིག་ནས་མ་འཇོག་ལ་སྐུལ་མ་བཏང་བས། དམངས་འཚོར་ཕན་ཐོགས་པ་མ་ཟད། ཁེ་ལས་ལ་ཡང་ཕན་ཐོགས་པ་དང་། མིག་སྔར་ཕན་པ་མ་ཟད་ཕུགས་ལ་ཡང་ཕན་ཡོད། ད་ལོ་ཚུན་དུ་འཛད་རྫས་གསར་རྙིང་བརྗེ་བའི་སྲིད་ཇུས་ཟམ་མི་ཆད་པར་རྒྱ་སྐྱེད་དང་དེར་ཤུགས་སྣོན་བརྒྱབ་པས་ནང་མཁོའི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་མུ་མཐུད་ཆེ་རུ་ཕྱིན་ཡོད། སྟོན་དུས་འཛད་སྤྱོད་བྱེད་མང་བ་དང་བསྟུན་ནས་ས་གནས་ཁག་དང་སྡེ་ཚན་ཁག་གིས་དུས་ཚོད་ལ་དམ་འཛིན་གྱིས་སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་ཡོད།

ཁ་གསབ་ཀྱི་གཟིགས་སྐྱོང་དོན་འཁྱོལ་མྱུར་པོ་བྱས་ཏེ་གྲོང་མིའི་འཚོ་བ་གསར་བརྗེས་དང་རིམ་སྤོར་བྱས་ཤིང་། ཟླ་9ཚེས་29ཉིན་གྱི་ཆུ་ཚོད་ཀླད་སྐོར་ལ་རྒྱལ་ཡོངས་ཀྱི་འཛད་སྤྱོད་པ་ཁྲི་511གིས་རིགས་ཆེན་པོ་བརྒྱད་ཀྱི་ཁྱིམ་སྤྱོད་གློག་ཆས་ཁྲི་711ཉོས་ནས་ཀྲུང་དབྱང་གི་ཁ་གསབ་སྒོར་དུང་ཕྱུར་64.03ལོངས་སྤྱོད་བྱས་པས་བྲིན་ཚོང་སྐུལ་ཁྲིད་དངུལ་གྲངས་སྒོར་དུང་ཕྱུར་335ཟིན་ཡོད། རླངས་འཁོར་ནུས་རྒྱུ་ཅན་ལ་བརྗེ་བ་དང་། ཁྱིམ་སྤྱོད་གློག་ཆས་རིག་ནུས་ཅན་ལ་བརྗེ་བ། ཁྱིམ་ཚང་གི་ཐབ་ཚང་དང་གསང་སྤྱོད་གསར་པ་བརྗེ་བ་བཅས་བྱས་པས་གྲོང་མིར་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་མྱོང་རོལ་ཐུབ་པ་བྱུང་ཡོད།

དགོས་མཁོར་བརྟེན་ནས་གསར་གཏོད་ཀྱི་སྒུལ་ཤུགས་འཕེལ་བར་བྱས་ཏེ་ཁེ་ལས་ཀྱི་ཐོན་སྐྱེད་ཕྱོགས་སྒྱུར་རིམ་སྤོར་བྱས་ཤིང་། ད་ལོའི་ཟླ་1པོ་ནས་8པ་བར། འཛད་རྫས་བཟོ་སྐྲུན་ལས་རིགས་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་14.9%འཕར་ནས་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། ཁྱིམ་ཚང་མཛེས་བཟོ་སོགས་བྲིན་ཚོང་བྱེད་ཤུགས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། ནུས་རྒྱུ་གྲོན་ཆུང་དེ་བས་ལྗང་མདོག་དང་། ཚན་རྩལ་འདུས་ནུས་དེ་བས་མཐོ་བ། སྤྱོད་མཁན་གྱིས་མྱོང་རོལ་དེ་བས་ཡག་པ་བཅས་ཀྱི་ཐོན་རྫས་ལ་མི་ཚང་མས་དགའ་པོ་བྱས་པས་ཁེ་ལས་ཀྱི་གསར་གཏོད་ཀྱི་ཧུར་སེམས་འཕེལ་བ་མ་ཟད། ཐོན་ལས་སྤུས་ལེགས་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་མའང་ཐེབས་ཡོད།

འཛད་རྫས་གསར་རྙིང་བརྗེ་བར་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཞིང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་ཞིབ་དཔྱད་བྱེད་མགྱོགས་སུ་དང་། ཞབས་ཞུའི་སྤུས་ཚད་ལེགས་སུ། འཛད་རྫས་གསར་རྙིང་བརྗེ་བའི་མྱུར་ཚད་མགྱོགས་སུ་བཅས་བཏང་སྟེ་ནང་མཁོ་ཆེ་རུ་དང་ཕན་འབྲས་གསར་པ་ཐོན་པར་སྐུལ་འདེད་བཏང་ཡོད།

(ཚེ་དབང་ལྷ་མོས་བསྒྱུར། ཉི་དོན་དང་ཚེ་ལྷས་ཞུས)