གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 10ཚེས་09ཉིན། 14:20】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཆུ་ཚད་མཐོ་པོས་མཛེས་སྡུག་ལྡན་པའི་དབུས་རྒྱུད་འཛུགས་སྐྲུན་དང་དབུས་རྒྱུད་ས་ཁུལ་འགོ་འཛུགས་ས་དེ་བས་མཐོ་བའི་ཐོག་ནས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཉིན་ཤས་གོང་། སྐྱེ་ཁམས་ཁོར་ཡུག་པུས《ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ཏེ་དབུས་རྒྱུད་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་ལ《ལག་བསྟར་བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དབུས་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དེ་བས་མཐོ་བའི་འགོ་འཛུགས་ས་གསར་པར་སླེབས་པ་དང་ཆབས་ཅིག རྒྱང་ལམ་གསར་པར་དབུས་རྒྱུད་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དམིགས་ཚད་ཀྱི་ངེས་གནས་དང་། མི་དམངས་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་བཅངས་པའི་རེ་སྒུག་གསར་པ་དང་བསྡུར་ཚེ་ས་ཁོངས་ཀྱི་སྦགས་བཙོག་འགོག་བཅོས་འགག་སྒྲོལ་ཐད་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་ཞིག་མངོན་པ་དང་། གསོག་འབོར་རྣམ་པ་དང་འཕར་འབོར་རྣམ་པའི་སྐྱེ་ཁམས་ཁོར་ཡུག་གི་གནོན་ཤུགས་ཆེ་བས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོང་དེ་བས་ལེགས་པའི་ངང་སྤྱི་འདོམས་བྱེད་དགོས།
《ལག་བསྟར་བསམ་འཆར》ནང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་། ནུས་རྒྱུའི་ཐོན་ཁུངས་བདེ་འཇགས། ཐོན་ལས་བདེ་འཇགས། སྐྱེ་ཁམས་བདེ་འཇགས་བཅས་སྲུང་སྐྱོང་བྱེད་པའི་ཁྲོད་ཀྱི་དབུས་རྒྱུད་ས་ཁུལ་གྱི་འཐབ་ཇུས་གནས་བབ་སྟངས་འཛིན་ནན་པོ་བྱས་ནས། ས་ཁོངས་ཀྱི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་འཕེལ་རྒྱས་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་དང་གཏིང་ཟབ་ངང་ཡག་པོ་རྒྱག་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། མཛེས་སྡུག་ལྡན་པའི་དབུས་རྒྱུད་སྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་དབུས་རྒྱུད་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱེད་དགོས་ཞེས་བསྟན་ཡོད།
(པད་ཆོས་ཀྱིས་བསྒྱུར། པ་སངས་ཀྱིས་ཞུས)