འཚོལ་བཤེར།   
藏文频道
2024ལོའི་ཟླ་9ཚེས་23ཉིན།

༄༅།།རྨ་ཆུའི་ཉ་རིགས་སྲུང་སྐྱོབ་བྱ་ཆེད་ཟམ་པ་རྒྱག་སྟངས་བསྒྱུར་པ།

—— ཁྲོན་མཚོ་ལྕགས་ལམ་གཅན་ཚའི་རྨ་ཆུའི་ཟམ་ཆེན་སྐྲུན་ཡུལ་གྱི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 09ཚེས་23ཉིན། 10:08】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    

འདི་ནི་ཟླ་9ཚེས་5ཉིན་པར་བརྒྱབ་པའི་གཅན་ཚའི་རྨ་ཆུའི་ཟམ་ཆེན་གྱི་ཨར་སྐྲུན་ལས་ཡུལ་ཡིན་པ།

འདི་ནི་ཟླ་9ཚེས་5ཉིན་པར་བརྒྱབ་པའི་གཅན་ཚའི་རྨ་ཆུའི་ཟམ་ཆེན་གྱི་ཨར་སྐྲུན་ལས་ཡུལ་ཡིན་པ།

ཆར་པ་བབས་རྗེས་མཁའ་རླུང་གཙང་ལ་བསིལ་པོར་གྱུར་པ་དང་ངོགས་གཉིས་ཀྱི་ནགས་གསེབ་ནས་བྱེའུ་ཡི་གསུང་སྙན་གྲགས་ཤིང་། འདི་གར་རྨ་ཆུའི་གུག་ཆ་ཆེན་པོ་ཞིག་ཡོད་པ་དང་དེ་ནས་རྨ་ཆུ་ཤར་ལ་བཞུར་གྱིན་ཡོད། ལྷིང་འཇགས་སུ་བཞུར་བཞིན་པའི་ཆུ་ཁུག་ཏུ་ཨར་སྐྲུན་བྱེད་བཞིན་པའི་ལྕགས་ཟམ་སྔོ་དཀར་ཞིག་ཆུ་ངོས་སུ་ལྡོག་འཕྲོ་བྱས་ནས་མཐའ་འཁོར་གྱི་རི་སྔོན་ཆུ་དྭངས་དང་མཉམ་དུ་མཛེས་སྡུག་ལྡན་པའི་རི་མོ་ལྟ་བུ་ཞིག་གྲུབ་ཡོད།

    འདི་ག་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་དང་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུད་རིགས་རང་སྐྱོང་རྫོང་གཉིས་ཀྱི་འབྲེལ་མཚམས་སུ་གནས་པའི་ཁྲོན་མཚོ་ལྕགས་ལམ་གཅན་ཚ་རྨ་ཆུའི་ཟམ་ཆེན་རྣམ་གྲངས་ཀྱི་ལས་ཡུལ་དངོས་རེད། ཁྲོན་མཚོ་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་གཙོ་གནད་ཟམ་པའི་ལས་གྲྭའི་གྲས་ཤིག་ཡིན་པའི་གཅན་ཚའི་རྨ་ཆུའི་ཟམ་ཆེན་དེའང་རང་རྒྱལ་གྱི་རྨ་ཆུ་སྒྲོལ་བའི་མེ་འཁོར་གྱི་ལྕགས་གདུང་གཞུ་དབྱིབས་ཟམ་པ་ཐོག་མ་དེ་ཡིན་པ་རེད།

འདི་ནི་ཟླ་9ཚེས་5ཉིན་པར་བརྒྱབ་པའི་གཅན་ཚའི་རྨ་ཆུའི་ཟམ་ཆེན་གྱི་ཨར་སྐྲུན་ལས་ཡུལ་ཡིན་པ།

འདི་ནི་ཟླ་9ཚེས་5ཉིན་པར་བརྒྱབ་པའི་གཅན་ཚའི་རྨ་ཆུའི་ཟམ་ཆེན་གྱི་ཨར་སྐྲུན་ལས་ཡུལ་ཡིན་པ།

    “གཅན་ཚའི་རྨ་ཆུའི་ཟམ་ཆེན་གྱི་སྤྱིའི་རིང་ཚད་ལ་སྨི་1596.2ཡོད་པ་དང་ཟམ་པ་ཨ་མ་ནི་སྨི་141+366+141བཅས་ལྕགས་གདུང་གསུམ་འབྲེལ་གྱི་གཞུ་དབྱིབས་ཟམ་པ་ཞིག་རེད། གུག་ཆ་ནས་ཆུ་ངོས་བར་སྨི་130ཡོད་པ་དེ་ཁང་པ་ཐོག་སོ་40ལྷག་ཙམ་དང་མཚུངས”ཞེས་འཛུགས་སྐྲུན་གྱི་འགན་འཁུར་བ་ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་ཁྲོན་མཚོ་ལྕགས་ལམ་རྣམ་གྲངས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཆུས་ཞའོ་ཆོན་གྱིས་བཤད་པ་དང་། ཁོང་གིས་གཅན་ཚའི་རྨ་ཆུའི་ཟམ་ཆེན་དེ་རྨ་ཆུའི་སྟོད་རྒྱུད་ཁོ་ནར་ཡོད་པའི་ཉ་རིགས་ཀྱི་རྒྱལ་ཁབ་རིམ་པའི་ཆུ་ཐོན་ཐོན་རྫས་ཐོན་ཁུངས་སྲུང་སྐྱོང་ཁུལ་འཕྲེད་དུ་བརྒལ་གྱི་ཡོད་པས། ཨར་སྐྲུན་བྱེད་རིང་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་ཧ་ཅང་མཐོ་པོ་ཡོད་ཅེས་བཤད།

    “དེ་སྔའི་ཇུས་འགོད་ནི་དེ་ལྟར་མིན”ཞེས་ཀྲུང་གོ་ལྕགས་ལམ་རྩད་ཞིབ་ཇུས་འགོད་ཁང་དང་པོའི་ཚོགས་པ་ཚད་ཡོད་ཀུང་སི་གཅན་ཚ་རྨ་ཆུའི་ཟམ་ཆེན་གྱི་སྤྱི་ཁྱབ་ཇུས་འགོད་པ་གཡན་ཡན་གྱིས་ཐག་རིང་སར་ཡོད་པའི་ཆུ་ངོགས་ཀྱི་ཟམ་གདན་ལ་མཛུབ་མོ་བཙུགས་ནས་བཤད་པ་དང་། ཁོང་གིས“དེ་སྔའི་ཇུས་འགོད་ནི་རྨ་ཆུའི་དཀྱིལ་དུ་ཟམ་གདན་གཙོ་བོ་འཛུགས་དགོས་ཀྱི་ཡོད། ད་ཆ་དེ་ལྟར་མིན་པར་ཆུ་ངོགས་སུ་ཟམ་གདན་བཏིང་ཡོད”ཅེས་བཤད།

     དེ་སྔའི་ཇུས་འགོད་འཆར་འགོད་ལ་གཞིགས་ན། ཁ་ཞེང་ལ་སྨི་350ཡོད་པའི་ཆུ་ངོས་ནས་སྒྲོལ་ཆེད་ལྕགས་གདུང་གཞུ་དབྱིབས་ཟམ་པའི་ཟམ་གདན་28པ་དེ་རྨ་ཆུའི་ཆུ་ལམ་ནང་དུ་འཛུགས་དགོས་པ་དང་འཛུགས་སྐྲུན་བྱེད་རིང་གྲུ་གཟིངས་ནས་རྨ་ཆུའི་ཆུ་ངོས་སུ་ལྕགས་ཧྲེང་དབོར་འདྲེན་བྱེད་དགོས་ཀྱི་ཡོད་པ་རེད།

     “དེ་ལྟ་བུའི་འཛུགས་སྐྲུན་བརྒྱུད་རིམ་ནང་ཆུ་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཀྱི་ཡོད། ལྕགས་ཧྲེང་དབོར་བ་ཡིན་ནའང་འདྲ། ཡང་ན་ལྷུ་སྒྲིག་པ་ཡིན་ནའང་འདྲ། གང་ལྟར་རྨ་ཆུར་མ་གཏོགས་མེད་པའི་ཉ་རིགས་ལ་གནོད་ཀྱི་ཡོད”རྨ་ཆུའི་སྟོད་རྒྱུད་དུ་མ་གཏོགས་མེད་པའི་ཉ་རིགས་ལ་གནོད་སྐྱོན་ཆུང་དུ་གང་ཐུབ་གཏོང་ཆེད། འཛུགས་སྐྲུན་ནང་ཞུགས་མཁན་དང་ཇུས་འགོད་པས་ཇུས་གཞི་ལེགས་སྒྲིག་ཐེངས་མང་བྱས་པ་དང་། ཟམ་པའི་ཇུས་འགོད་ཀྱི་ཟུར་ཚད་ལ་འགྱུར་ལྡོག་བཏང་སྟེ། ཟམ་པ་ཨ་མའི་རིང་ཚད་ལ་འགྱུར་ལྡོག་མི་གཏོང་བ་དང་ལམ་ཐིག་ལ་ཤུགས་རྐྱེན་ཆུང་ཤོས་ཐེབས་པའི་རྨང་གཞིའི་ཐོག་ཟམ་གདན་ཆུ་ནང་དུ་འཛུགས་མི་དགོས་པར་བྱས་ཡོད་ཅེས་ཆུས་ཞའོ་ཆོན་གྱིས་བཤད།

     གཡན་ཡན་གྱིས“ང་ཚོས་ལམ་ཐིག་ཇུས་འགོད་ལེགས་སྒྲིག་སྤྱི་ལེ་5ཙམ་བྱས་ཏེ་ཟམ་གདན་གཙོ་བོ་གཙང་འགྲམ་དུ་བཙུགས་པ་དང་སྨི་366ཡོད་པའི་རྨ་ཆུའི་འཕྲེད་དུ་ཟམ་གདུང་གཅིག་བཏང་བ་དང་། ཨར་ལས་སྡེ་ཚན་གྱིས་ཀྱང་ཟམ་གདུང་འཛུགས་སྟངས་ལ་འགྱུར་ལྡོག་བཏང་སྟེ་གུག་གདུང་དུས་གཅིག་ཏུ་བཏང་བ་དང་སྦྲགས་ལྕགས་ཧྲེང་ཟམ་ངོས་ནས་དབོར་ཏེ་གྲུ་གཟིངས་རྨ་ཆུའི་ནང་སྐྱོད་མི་དགོས་པར་བྱས་ནས། ཉ་རིགས་ལ་གནོད་སྐྱོན་ཕོག་ཤུགས་ཆུང་དུ་བཏང་ཡོད”ཅེས་བཤད།

(ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ)