ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧོའུ་ཧྲའོ་ཅིང་། ཧྲེན་ཞའོ་མོང་། ཝེ་ཀོན་ཡུས།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 09ཚེས་20ཉིན། 10:13】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ནི་ཀོང་པོ་རྒྱ་མདའ་རྫོང་ས་མཐོའི་སྐྱེ་ཁམས་ཤྭ་བ་གསོ་ཚགས་རྟེན་གཞིར་ཤྭ་བ་ཁྲ་རིས་ཁ་ཤས་བག་ཕེབས་ངང་རྩེད་འཇོར་རོལ་བཞིན་པ།
རྩི་ཤིང་ཚང་ཚིང་དུ་སྐྱེས་པའི་རི་བོ་ཁ་ཤས་བརྒལ་ཞིང་ལྷུང་ལྷུང་དུ་བཞུར་བའི་དྭངས་གཙང་ཆུ་ཕྲན་དུ་མ་བསྒྲལ་ལ། ས་རྡོའི་ལམ་དེད་ནས་རི་ངོས་སུ་བསྐྱོད་དེ་རིམ་གྱིས་ས་བབ་སྨི་4000ཟིན་ནས་དྲོད་ཚད་ཀྱང་ཧྲེ་ཧྲི་ཏུའུ་14བར་ཆག དུས་མཚུངས་སུ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ཉང་ཕུ་ཤང་བདུད་སྤྱི་གྲོང་ཚོ་ཡང་གསལ་ལེར་མངོན།
ཀོང་པོ་རྒྱ་མདའ་རྫོང་གི་ས་མཐོའི་སྐྱེ་ཁམས་ཤྭ་བ་གསོ་ཚགས་རྟེན་གཞིས“སྲིད་གཞུང+ཁེ་ལས+མཉམ་སྡེབ”ཀྱི་མཉམ་ལས་བྱེད་སྟངས་ལྟར་གཉེར་སྐྱོང་བྱས་ནས། བོད་དུ་གཞི་ཁྱོན་ལྡན་པའི་ཤྭ་བ་གསོ་ཚགས་རྟེན་གཞི་ཐོག་མ་བཙུགས་ཡོད། བོད་ལྗོངས་གནམ་མཐའི་འབྲོག་ར་ཞིང་འབྲོག་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ད་ལོར་ལོ་42ལ་སླེབས་པའི་སྤྱི་ཁྱབ་ཅིང་ལི་ཀྲེན་ཡུན་ཧྥེས་བོད་དུ་འགྲུལ་བཞུད་བྱེད་སྐབས་རང་ཉིད་ཀྱི་མི་ཚེའི་བྱ་གཞག་རྙེད་བྱུང་ཞེས་དྲན་གསོ་བྱེད་ཀྱིན་བཤད།
ཀྲེན་ཡུན་ཧྥེའི་ཕ་ཡུལ་ལེའོ་ཉིང་ཞིང་ཆེན་ཞི་ཧྥེང་རྫོང་དུ་མི་ཐབས་ལ་བརྟེན་ཏེ་ཤྭ་བ་ཁྲ་རིས་འདུལ་གསོ་བྱས་ནས་ལོ་300ལྷག་ཙམ་སོང་བ་དང་། ས་ཆ་དེ་ནི་རྒྱལ་ནང་གི་ཤྭ་བའི་ཐོན་རྫས་བསྡུ་འགྲེམ་ལྟེ་གནས་གལ་ཆེན་ཞིག་ཀྱང་རེད། “ཀོང་པོ་རྒྱ་མདའ་རྫོང་དུ་ཤྭ་བ་མཆུ་དཀར་གྱི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་ཡོད། གལ་སྲིད་ས་མཐོའི་ཕྱི་རོལ་གྱི་ཆ་རྐྱེན་འོག་ཤྭ་བའི་རིགས་སྐྱོན་བྲལ་ངང་འཚོ་གནས་ཐུབ་ཚེ་མི་ཐབས་ཀྱིས་ཤྭ་བ་གསོ་བར་འཚམ་པོ་ཡོད་སྲིད”ཅེས་ཁོང་གིས་བཤད།
2023ལོའི་ཟླ་9པར་རྟེན་གཞི་དེས་རང་རྒྱལ་གྱི་བྱང་ཤར་ས་ཁུལ་ནས་ཤྭ་བ་160ལྷག་ཙམ་ནང་འདྲེན་བྱས་ཤིང་། “འདི་གར་ས་བབ་མཐོ་བ་དང་གསོ་རླུང་དཀོན་པས། ཁག་དང་པོར་ནང་འདྲེན་མང་པོ་བྱེད་ཕོད་ཀྱི་མི་འདུག”ཅེས་ཉང་ཕུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཡུན་ཧྥེས་བཤད།
འདི་ནི་རྟེན་གཞིར་གསོ་ཚགས་བྱས་པའི་ཤྭ་བ་ཡིན་པ།
ཁག་དང་པོའི་ཤྭ་བ་བདེ་བླག་ངང་དགུན་སྒྲོལ་ཐུབ་མིན་ཐད་ཁྲེན་ཡུན་ཧྥེ་ལ་སེམས་ཁྲལ་ཆེན་པོ་བྱུང་། ཁོང་གིས་ཀྲེང་ཡུན་ཧྥེ་ལ་ལྡིར་སོའི་བརྙན་ལམ་ལ་དུས་དང་རྣམ་པ་ཀུན་ཏུ་ལྟ་ཞིབ་བྱས་ནས་ཤྭ་བའི་གནས་ཚུལ་ཤེས་པར་བྱ་རྒྱུའི་མངགས་བཅོལ་བྱས་པ་རེད།
“འབྲོག་ར་ནི་རང་བྱུང་ཁམས་དང་ཐག་ཉེ་ཞིང་། ཤྭ་ཁྱུ་བག་ཡངས་ངང་རྒྱུ་བའི་ས་ཆ་མུའུ་50ཙམ་ཟིན་པས་ཤྭ་བ་འཚར་ལོངས་ཡག་པོ་འདུག ལོ་གཅིག་གི་ནང་གསོན་ཚད་95%ཡན་ཟིན་གྱི་འདུག”ཅེས་ཀྲེང་ཡུན་ཧྥེས་བཤད། ནགས་ཚལ་དང་སྤང་ལྗོངས་རྒྱ་ཆེ་བས་ཤྭ་ཁྱུར་རང་བྱུང་ཁམས་ལྟར་གྱི་འཚོ་གནས་བྱེད་ས་ཡོད།
མིག་སྔར། རྟེན་གཞིས་ཤྭ་ཁྱུ་དགུན་སྒྲོལ་གྱི་ཚོད་ལྟ་དང་། ཐག་རིང་དུ་སྐྱེལ་འདྲེན་ཐེངས་གཅིག་གི་ཚོད་ལྟ། རྒྱུན་གཏན་གྱི་རྒྱུད་སྦྱོར་དང་ཤྭ་ཕྲུག་བཙའ་བའི་ཚོད་ལྟ། དེ་བཞིན་ཡུལ་དེ་གའི་གཟན་རྩྭ་གཟན་ཆས་སྡེབ་སྦྱོར་གྱི་ཚོད་ལྟ་བཅས་ལེགས་གྲུབ་ཟིན་ཞིང་། ཤྭ་བ་ཕོ་ནས་ཁྲག་རྭ་ཐོན་པ་དང་ཤྭ་བ་མོ་ནས་ཕྲུ་གུ་སྐྱེས་པས་ཕྱོགས་གང་ས་ཅི་ཐད་ནས་བདེ་བླག་བྱུང་བ་རེད། རྟེན་གཞིར་ད་ལྟ་ཤྭ་བ་165ཡོད་པ་དང་ཤྭ་བ་རེ་ནས་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་རག་གི་ཡོད།
ད་ལོའི་ཟླ་6པར། གཟན་རྩྭ་ཁག་གཅིག་རྟེན་གཞིར་དབོར་བ་རེད། སྒྲིག་ཆས་ཆེ་གྲས་རྟེན་གཞིའི་ནང་དུ་མི་ཤོང་བའི་རྐྱེན་གྱིས་དངོས་ཟོག་ཚང་མ་མི་ཐབས་ལ་བརྟེན་ནས་འདོན་དགོས་པས། གྲོང་ཚོའི་རྒན་གཞོན་ཚང་མས་ཕྲག་པར་འཁུར་བ་དང་ལག་པར་ཁྱེར་ནས་ཟོག་འདྲེན་རླངས་འཁོར་ནས་དངོས་ཟོག་ཆ་ཚང་ཕབ། “རྟེན་གཞི་བསྐྲུན་པ་དེས་གྲོང་མི་མང་པོར་ལས་ཞུགས་ཀྱི་གོ་སྐབས་བཏོད་པས་ཚང་མས་ཀྱང་ནུས་ཤུགས་ཡོད་རྒུས་རོགས་རམ་བྱེད་ཀྱི་ཡོད”ཅེས་བདུད་སྤྱི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་བཀྲ་ཤིས་ཀྱིས་བཤད།
“ད་ཆ་རྟེན་གཞིར་ཤྭ་ཕྲུག་བཅུ་ལྷག་ཙམ་གསོ་སྤེལ་བྱས་ཡོད་ལ། ཤྭ་ཕྲུག་དག་དགུན་སྒྲོལ་གྱི་ཚོད་ལྟ་ལེགས་གྲུབ་བྱུང་ན་རྟེན་གཞི་རྒྱས་སྐྲུན་བྱ་རྒྱུ་ཡིན། ང་ཚོས་དོ་དམ་ལག་རྩལ་མཁོ་འདོན་དང་ཁྲག་རྭ་ཉོ་བསྡུའི་འགན་ཁུར་ནས་གྲོང་མིར་ཡོང་འབབ་འཕར་རོགས་བྱེད་ཀྱི་ཡོད”ཅེས་ཀྲེན་ཡུན་ཧྥེས་བཤད།