གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 09ཚེས་08ཉིན། 09:52】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ལྷོ་སུའུ་ཏན་གྱི་ཙུང་ཐུང་ཅི་ཨེར་དང་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ལྷོ་སུའུ་ཏན་གྱི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་ནི་ལྷོ་སུའུ་ཏན་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་13སོང་རིང་། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་བྱས་པས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཕན་ཚུན་བརྩི་འཇོག་དང་མཉམ་ལས་ཟོལ་མེད་བྱེད་པ་ནི་ཀྲུང་གོ་དང་ལྷོ་སུའུ་ཏན་གྱི་འབྲེལ་བའི་རྨང་གཞི་ཡིན་པ་དང་། ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་དང་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད་པ་ནི་ཀྲུང་གོ་དང་ལྷོ་སུའུ་ཏན་གྱི་འབྲེལ་བའི་འབྱུང་འགྱུར་ཡིན།
ནང་དོན་ཕུན་སུམ་ཚོགས་པ་དང་གསོན་ཤུགས་ཀྱིས་ཁེངས་པའི་ཀྲུང་གོ་དང་ལྷོ་སུའུ་ཏན་གྱི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་དང་ཕུགས་ཀྱི་ཁེ་ཕན་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལྷོ་སུའུ་ཏན་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་ཉམས་མྱོང་དང་གོ་སྐབས་མཉམ་སྤྱོད་བྱས་ཏེ་སློབ་གསོ་དང་ལག་རྩལ་སོགས་ཀྱི་རྣམ་གྲངས་མུ་མཐུད་ལག་བསྟར་བྱེད་པ་དང་། རྡོ་སྣུམ་དང་། གཏེར་ལས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ལྷོ་སུའུ་ཏན་གྱི་དཔལ་འབྱོར་སྣ་མང་ཅན་ལ་རམ་འདེགས་བྱེད་འདོད་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ལྷོ་སུའུ་ཏན་དང་མཉམ་དུ་ད་ཐེངས་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་ཁག་དོན་འཁྱོལ་ཡག་པོ་བྱས་ནས་ཕྱོགས་གཉིས་པོའི་མཉམ་ལས་གཏིང་ཟབ་དང་ཏན་ཏིག་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད།
ཅི་ཨེར་གྱིས་གསུངས་དོན། ངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ལྷག་པར་དུ“རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ”ཁྱབ་བསྒྲགས་གནང་བར་ཚད་མཐོའི་བསྔགས་བརྗོད་ཞུ་གི་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་དོན་འཁྱོལ་ཧུར་ཐག་བྱེད་འདོད་ཡོད། ལྷོ་སུའུ་ཏན་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་ཟབ་མོ་ནི་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བསམ་ཤེས། ཕན་ཚུན་རྒྱབ་སྐྱོར་བཅས་ལས་བྱུང་བ་ཞིག་ཡིན། ལྷོ་སུའུ་ཏན་གྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ནས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་རྒྱུའི་རེ་བ་ཡོད། ལྷོ་སུའུ་ཏན་གྱིས་ཀྲུང་གོའི་ཁེ་ལས་ལྷོ་སུའུ་ཏན་དུ་ཚོང་གཉེར་བྱེད་པར་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་བསྐྲུན་རྒྱུ་ཡིན།