འཚོལ་བཤེར།   
藏文频道
2024ལོའི་ཟླ་9ཚེས་3ཉིན།

༄༅།།ཤེས་དཔལ་མཉམ་སྒྲོག གྲངས་འཛིན་ལ་བརྟེན་ནས་ཕུགས་འདུན་གྲུབ།“རོགས་ཟླ་ཨ་ཧྥེ་རི་ཁ་བ”སྨྱན་སྦྱོར་བྱ་སྤྱོད་པེ་ཅིང་དུ་སྤེལ་བ།

ལི་ཧྲུའུ་ལེ་བརྙན་ལམ་ནས་ཞུགས་པ་དང་འབྲེལ་གཙོ་དོན་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 09ཚེས་03ཉིན། 09:36】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་31ཉིན། ཤེས་དཔལ་མཉམ་སྒྲོག གྲངས་འཛིན་ལ་བརྟེན་ནས་ཕུགས་འདུན་གྲུབ—“རོགས་ཟླ་ཨ་ཧྥེ་རི་ཁ་བ”སྨྱན་སྦྱོར་བྱ་སྤྱོད་པེ་ཅིང་དུ་སྤེལ་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་བརྙན་ལམ་ནས་བྱེད་སྒོར་ཞུགས་པ་དང་འབྲེལ་གཙོ་དོན་གསུང་བཤད་ཀྱང་གནང་བ་རེད། ཝུ་ཀན་ཏ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་སའེ་ཝུའེ་ཉི་དང་། ཨ་ཧྥེ་རི་ཁ་དབུས་མའི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐུའུ་ཝ་ཏེ་ལཱ། སེ་ཧྲེར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལཱ་མུའུ་ཁཱ་ལཱ་ཝང་བཅས་ཀྱིས་ཀྱང་བརྙན་ལམ་ནས་སྨོན་ཚིག་བསྒྲོན་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྨྱན་སྦྱོར་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བའི་འདུན་པ་ཡོད་ལུགས་བརྗོད་པ་རེད།

     ཚོགས་ཞུགས་སྐུ་མགྲོན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཧྥེའི་འབྲེལ་བ་དེ་ཆུ་ཚད་མཐོ་བའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་པའི་དུས་མཚམས་གསར་པར་སླེབས་ཡོད། 2024ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་དབུ་ཚོགས་པེ་ཅིང་དུ་འཚོག་ཉེར་ཡོད་པས་ཀྲུང་ཧྥེའི་འབྲེལ་བའི་འཕེལ་ཕྱོགས་གསར་པ་གཏོད་པ་དང་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་རྩོམ་ཐུབ་ངེས་རེད་ཅེས་བརྗོད་པ་རེད།

     ཚོགས་ཞུགས་སྐུ་མགྲོན་གྱིས། སྨྱན་སྦྱོར་ནི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཡིན་པ་དང་དམངས་སེམས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བའི་ཐད་དམིགས་བསལ་གྱི་ནུས་པ་ཐོན་གྱི་ཡོད། འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཀྱི་རླབས་རྒྱུན་མདུན་དུ། ཀྲུང་ཧྥེའི་སྨྱན་སྦྱོར་གྱིས་མཉམ་ལས་གཉིས་ཕན་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ཀྲུང་ཧྥེའི་མཉམ་ལས་འཕེལ་རྒྱས་གཏོང་བའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། རྒྱལ་ཁབ་ཁག་གིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དེང་རབས་ཅན་གྱི་ལམ་བུ་འཚོལ་ཞིབ་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བའི་གཏམ་རྒྱུད་ཡག་པོ་ཤོད་པ། མདུན་གྲལ་ལག་རྩལ་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཀྲུང་ཧྥེའི་མཉམ་ལས་ཀྱི་དམངས་སེམས་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པ་དང་། ཐུན་མོང་ཐོག་དྲང་གཞག་ལུགས་མཐུན་དང་དྲང་ཕྱོགས་སྐྱོན་བྲལ་གྱི་གོ་ལ་ཧྲིལ་པོའི་གླེང་ཕྱོགས་ཁོར་ཡུག་ཅིག་གཏོད་དགོས་པའི་ངོས་འཛིན་བྱས་པ་རེད།

     ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་ཧྥེའི་སྨྱན་སྦྱོར་སྤེལ་རེས་དང་མཉམ་ལས་ཟབ་ཏུ་བཏང་ནས་གྲངས་འཛིན་དུས་རབས་ཀྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་ཆེད་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་20ལྷག་ཙམ་ནས་ཡོང་བའི་རྒྱལ་སྤྱིའི་རྩ་འཛུགས་དང་། སྨྱན་སྦྱོར། རིག་མཛོད་སོགས་ཁྱབ་ཁོངས་ཁག་གི་འཐུས་མི་200ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།