འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་29ཉིན།

༄༅།།ཕྱི་འབྲེལ་པུས་བསྟན་དོན།ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁར་དབུལ་པོ་ཉུང་གཏོང་གི་ཐབས་ལམ་གསར་པ་གཏོད་པར་ལེགས་སྐྱེས་གལ་ཆེན་འབུལ་མཁན་ཞིག་ཡིན།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་29ཉིན། 11:00】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁས་དེང་རབས་ཅན་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་པར་སྐུལ་འདེད་ནུས་ལྡན་གཏོང་མཁན་ཞིག་དང་དབུལ་པོ་ཉུང་གཏོང་གི་ཐབས་ལམ་གསར་པ་གཏོད་པར་ལེགས་སྐྱེས་གལ་ཆེན་འབུལ་མཁན་ཞིག་ཡིན་པས། 2024ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དབུ་ཚོགས་གོ་སྐབས་སུ་བྱས་ནས་ཨ་ཧྥེ་རི་ཁ་དང་ལག་གདང་མཉམ་སྦྲེལ་གྱིས་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་ལ་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་དྲིས་དོན། ཉེ་དུས་ཨ་ཧྥེ་རི་ཁའི་སྨྱན་སྦྱོར་དང་མཁས་དབང་མང་པོ་ཞིག་གིས་ཀྲུང་ཧྥེའི་དབུལ་པོ་ཉུང་གཏོང་གི་མཉམ་ལས་ལ་དོ་ཁུར་བྱེད་ཀྱི་ཡོད་པ་དང་། ཀྲུང་ཧྥེའི་མཉམ་ལས་ཀྱིས་ཨ་ཧྥེ་རི་ཁས་འབྲུ་རིགས་རང་མཁོ་རང་འདོན་དང་། དབུལ་ཕོངས་སེལ་བ། དམངས་འཚོ་ལེགས་གཏོང་བཅས་མངོན་འགྱུར་བྱེད་པར་རེ་བ་གསར་པ་སྦྱིན་ཡོད་པའི་ངོས་འཛིན་གྱི་ཡོད། མགྲིན་ཚབ་པས་འདིའི་ཐད་དཔྱད་གཏམ་ཅི་ཞིག་སྤེལ་རྩིས་ཡོད་དམ། ཨ་ཧྥེ་རི་ཁའི་དབུལ་པོ་ཉུང་གཏོང་ཐད་ཀྲུང་ཧྥེའི་མཉམ་ལས་ཀྱི་དོན་སྙིང་གལ་ཆེན་ལ་གདེང་འཇོག་ཇི་ལྟར་བྱེད་ཀྱི་ཡོད་དམ།

    ལིན་ཅན་གྱིས། དབུལ་ཕོངས་སེལ་བ་ནི་མིའི་རིགས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་ལ། ཨ་ཧྥེ་རི་ཁའི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཡང་ཡིན། “མཉམ་ལས་ཀྱི་འཆར་གཞི་ཆེན་པོ་བཅུ”ནས“འདུ་འགོད་ཁག་དགུའི”བར་དབུལ་པོ་ཉུང་གཏོང་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྥེའི་མཉམ་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། “ལོ་མང་རིང་ང་ཚོས་བཅོས་མིན་དང་ལྷག་བསམ་རྣམ་དག་གི་འདུ་ཤེས་དང་ཡང་དག་པའི་བདེན་ཁེའི་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང《ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱིས་ཀྲུང་ཧྥེའི་དབུལ་པོ་ཉུང་གཏོང་ལ་ཤུགས་སྣོན་རྒྱག་པའི་མཉམ་ལས་རྩ་གནད》དོན་འཁྱོལ་ཧུར་ཐག་བྱས་ཏེ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་སྒྲོམ་གཞིའི་འོག་དབུལ་པོ་ཉུང་གཏོང་གི་སྤེལ་རེས་དང་མཉམ་ལས་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད”ཅེས་བརྗོད་པ་རེད།

    ཁོང་གིས་ངོ་སྤྲོད་བྱས་པར། “དབུལ་པོ་ཉུང་གཏོང་དང་ཞིང་ཕན་འདུ་འགོད”ནང་ཀྲུང་གོས་དབུལ་པོ་ཉུང་གཏོང་དང་ཞིང་ལས་རྣམ་གྲངས་47གཏན་འཁེལ་བྱས་ནས་ལག་བསྟར་དང་། ཞིང་ལས་ཀྱི་ཤེས་ལྡན་པ་མི་ཐེངས་9000ཙམ་གསོ་སྦྱོང་། སྔོན་ཐོན་གྱི་སྤྱོད་གོ་ཆོད་པའི་ལག་རྩལ་300ལྷག་ཙམ་ཁྱབ་གདལ་གཏོང་བ་བཅས་བྱས་པས་ཨ་ཧྥེ་རི་ཁའི་ཞིང་དུད་ཆུང་ངུ་ཁྲི་100ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ཀྲུང་གོའི་རྩྭ་ཤ་མོའི་ལག་རྩལ་གྱིས་ས་གནས་དེ་གའི་མི་ཁྲི་བཅུ་ཙམ་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་དང་། ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོའི་ཆུ་འབྲས་ཀྱི་ཐོན་ཚད་སྤྱི་ཆིང་རེར་ཆ་སྙོམས་ཏུན་2ནས་ཏུན་7.5བར་འཕར་རྒྱུར་སྐུལ་འདེད་ཐེབས་པ། ཀྲུང་གོ་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་གྱིས་ཆུ་འབྲས་ལ་བརྟེན་ནས་དབུལ་པོ་ཉུང་གཏོང་གི་དཔེ་སྟོན་གྲོང་ཚོ་བཏོད་དེ“མི་ཚང་མར་ཟ་རྒྱུ་ཡོད་པ་དང་མི་ཚང་མར་བཅོལ་དངུལ་ཡོད་པ”དེ་མངོན་སུམ་དུ་གྱུར་པ། ཀྲུང་གོའི་ཁེ་ལས་ཀྱིས་ཞིང་ལས་མཉམ་ལས་གླིང་ཁུལ་དང་ཞིང་ལས་ཐོན་རྫས་ལས་སྣོན་བཟོ་གྲྭ་བཙུགས་པས་ས་གནས་དེ་གའི་ཞིང་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་ཤུགས་ཆེན་ཕྱིན་པ། ཀྲུང་གོས་བཙུགས་པའི་ཨ་ཧྥེ་རི་ཁའི་ཞིང་ལས་ཐོན་རྫས་ཀྲུང་གོར་འདྲེན་པའི“ཤར་སྐྱོད་འགྲོ་ལམ”ལས་སྤུས་ལེགས་ཀྱི་ཨ་ཧྥེ་རི་ཁའི་ཞིང་ལས་ཐོན་རྫས་འབོར་ཆེན་ཀྲུང་གོར་གཏོང་ཐུབ་ཡོད། “ཁེ་ལས་བརྒྱ་དང་གྲོང་ཚོ་སྟོང”གི་རྣམ་གྲངས་ཁྲོད་ཀྲུང་གོས་ཨ་ཧྥེ་རི་ཁའི་ཁེ་ལས་ལ་སྤྱི་ཚོགས་ཀྱི་འགན་འཁྲིའི་རྣམ་གྲངས་320ལག་བསྟར་བྱས་པས་གྲོང་སྡེ་དང་སྡེ་ཁུལ་ཁྲི་1ལས་བརྒལ་བར་ཕན་པ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་དུང་ཨ་ཧྥེ་རི་ཁའི་གཞི་རིམ་ལས་བྱེད་པའི་དབུལ་པོ་ཉུང་གཏོང་གི་སྤེལ་རེས་ཞིབ་སྦྱོང་འཛིན་གྲྭ་བཙུགས་ནས་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་མཉམ་སྤྱོད་བྱས་ཡོད།

     ཁོང་གིས། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁས་དེང་རབས་ཅན་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་པར་སྐུལ་འདེད་ནུས་ལྡན་གཏོང་མཁན་ཞིག་དང་དབུལ་པོ་ཉུང་གཏོང་གི་ཐབས་ལམ་གསར་པ་གཏོད་པར་ལེགས་སྐྱེས་གལ་ཆེན་འབུལ་མཁན་ཞིག་ཡིན། “ང་ཚོས་འཚོག་ཉེར་ཡོད་པའི་2024ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དབུ་ཚོགས་གོ་སྐབས་སུ་བྱས་ནས་ཨ་ཧྥེ་རི་ཁ་དང་ལག་གདང་མཉམ་སྦྲེལ་གྱིས་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་ཨ་ཧྥེ་རི་ཁའི་མི་དམངས་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན”ཞེས་བརྗོད་པ་རེད།