འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་28ཉིན།

༄༅།།སྒོ་དབྱེའི་ཁྲོད་ཐུན་མོང་འཕེལ་རྒྱས་དོན་གཉེར་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་28ཉིན། 13:27】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཧོ་དབྱིན།

     ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་སྒོ་དབྱེའི་ཁྲོད་ཐུན་མོང་འཕེལ་རྒྱས་དོན་གཉེར་བྱེད་པའི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་འཛམ་གླིང་འཕེལ་རྒྱས་ལ་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་རེད།

     གོ་ལ་ཧྲིལ་པོ་ཅན་ལས་ལྡོག་པའི་བསམ་བློའི་རླབས་རྒྱུན་ཐོན་པ་དང་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་མངོན་གསལ་དོད་དུ་འགྲོ་བའི་རྒྱབ་ལྗོངས་འོག ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ཁྲོམ་ར་ཆེན་པོ་དེ་འཛམ་གླིང་གི་གོ་སྐབས་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ཡོད། འདི་ལོའི་ཟླ་དང་པོ་ནས་བདུན་པའི་བར་ཀྲུང་གོའི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་24.83ཟིན་པ་དེ་དུས་མཚུངས་ལས་6.2%འཕར་བ་དང་། རྒྱལ་ཡོངས་སུ་ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱས་པའི་ཁེ་ལས་31654གསར་དུ་བཙུགས་པ་དེ་དུས་མཚུངས་ལས་11.4%འཕར་ཡོད། འཚོག་ཉེར་ཡོད་པའི་རྒྱལ་སྒྲོལ་ཀུང་སིའི་འགོ་ཁྲིད་པའི་ཆིང་ཏའོ་དབུ་ཚོགས་སྐབས་ལྔ་པའི་ཚོགས་འདུར་ཞུགས་མཁན་རྒྱལ་སྒྲོལ་ཀུང་སིའི་སྐུ་མགྲོན་500ཙམ་གཏན་འཁེལ་བྱས་པས“གྲོགས་ཚོགས”སྔར་བས་རྒྱ་ཆེར་ཕྱིན་པ་ལ་སོགས་སྒོ་དབྱེའི་ཀྲུང་གོའི་ཡིད་དབང་འཕྲོག་ཤུགས་ཆེན་པོ་མངོན་པ་དང་ཀྲུང་གོ་ནི་མུ་མཐུད་གོ་ལ་ཧྲིལ་པོའི་དར་རྒྱས་གོང་འཕེལ་གྱི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པ་རེད།

    ཀྲུང་གོའི་འཕེལ་རྒྱས་ཀྱི་འགག་རྩ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཞིག་གི་ཐོག་བསྐྱོད་པ་དེ་རེད། ཉེ་བའི་ལོ་ཤས་རིང་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་22དང་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་བསྐྲུན་པ་ནས《ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ལ་མིང་རྟགས་བཀོད་ནས་ནུས་པ་ཐོན་ཏེ་གོ་ལ་ཧྲིལ་པོར་ཁ་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་རྒྱ་སྐྲུན་པའི་བར་དང་། ཕྱི་རྒྱལ་གྱི་མ་འཇོག་ཆོག་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་ཐེངས་མང་ཉུང་དུ་བཏང་བ་ནས་གློག་འཕྲིན་དང་སྨན་བཅོས་སོགས་ཞབས་ཞུའི་ལས་རིགས་ཀྱི་ཆོག་འཐུས་ལྷུག་ཏུ་བཏང་བའི་བར། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་ནས་ནང་འདྲེན་དངོས་མང་སྟོན་ཚོགས་དང་། ཞབས་ཞུ་ཚོང་དོན་འདུ་ཚོགས། འཛད་སྤྱོད་དངོས་མང་སྟོན་ཚོགས་སོགས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་སྟེགས་བུ་བཙུགས་པའི་བར་ལ་སོགས་ཆུ་ཚད་མཐོ་བའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ལས་ཀྲུང་གོའི་འཕེལ་རྒྱས་ལས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕན་པ་ཐོབ་པ་མ་ཟད། ཀྲུང་གོར་ལྟ་སྟངས་ཡག་པོ་འཛིན་རྒྱུ་དེ་འཛམ་གླིང་ཐོག་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ཞིག་ཏུ་གྱུར་ཡོད།

    སྒོ་དབྱེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ངེས་པར་དུ་ཕྱི་ཕྱོགས་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་དང་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རང་རྒྱལ་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆར་བརྟེན་ནས་རྒྱལ་སྤྱིའི་མཉམ་ལས་རྒྱ་ཆེར་གཏོང་བའི་ཁྲོད་སྒོ་དབྱེའི་ནུས་པ་ཆེ་རུ་བཏང་སྟེ། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་དགོས་པའི་ནན་བཤད་བྱས་ཡོད། དེ་ནི་ཀྲུང་གོའི་འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་རིང་གི་འཕེལ་རྒྱས་ཉམས་མྱོང་ལ་གཞིགས་ནས་བཏོན་པའི་བླང་བྱ་ཞིག་ཡིན་ཞིང་། དེ་ལས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་འགོ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་རང་འགུལ་མངོན་པ་མ་ཟད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱེད་པའི་ཆོད་སེམས་བརྟན་པོ་ཡང་མངོན་ཡོད།

     སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ཀྲུང་གོའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་རེད། ཀྲུང་གོའི་རྒྱལ་ནང་གི་འཕེལ་རྒྱས་ལ་བལྟས་ན། སྒོ་དབྱེའི་ཀྲུང་གོ་ནི་གཞི་ནས་དེང་རབས་ཅན་གྱི་ཀྲུང་གོར་འགྱུར་ཐུབ་པ་རྟོགས་ནུས། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་དང་དཀའ་ཚེགས་ཆེ་ཤོས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་ཀྲུང་གོས་ནང་མཁོ་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་། གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ་འདོན་སྤེལ་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་ཀྱི་མཉམ་འགུལ་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཀྱི་ཡོད། ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཚེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་དངོས་པོའི་རྨང་གཞི་ཤུགས་ཆེན་འདིང་ཐུབ། རྒྱལ་སྤྱིའི་མཉམ་ལས་ལ་བལྟས་ན། ཉེ་བའི་ལོ་ཤས་རིང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་ལྡོག་འགྱུར་འཕྲད་ནས་འཛམ་གླིང་གི་སྒོ་དབྱེའི་སྟོན་གྲངས་ཆག་པའི་རྣམ་པ་ཐོན་མོད། འོན་ཀྱང་སྒོ་དབྱེ་བསྟུན་མཁས་དང་མཉམ་ལས་གཉིས་ཁེ་ནི་མི་ཡུལ་གྱི་ཡང་དག་པའི་འགྲོ་ལམ་ཞིག་ཡིན་པ་དང་། སྒོ་དབྱེ་འཕེལ་རྒྱས་དང་གཉིས་ཁེ་འཕེལ་རྒྱས་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་ཡིན། ཀྲུང་གོས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དེ་སྔར་བས་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་སྙོམས་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མདུན་ལམ་ཡངས་པོ་གཏོད་ཐུབ་ཡོད་པ་མ་ཟད། རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་དང་འཛམ་གླིང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཡང་ཕན་ཐོགས་ཡོད།

     ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དང་བསྟུན་ནས་ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་ཡིན་པས། དེས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་དང་གོ་སྐབས་གསར་པ་གཏོད་རྒྱུ་རེད། རྒྱལ་སྤྱིའི་མི་སྣས“ཀྲུང་གོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ལས་མཉམ་ལས་གཉིས་ཁེས་འཛམ་གླིང་ལ་ཕན་པ་ཐོབ་པ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད”ཅེས་བརྗོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་སྒོ་དབྱེའི་ཁྲོད་ཐུན་མོང་འཕེལ་རྒྱས་དོན་གཉེར་བྱེད་པའི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་འཛམ་གླིང་འཕེལ་རྒྱས་ལ་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་རེད།